ཚྭ་འཕེལ་གཡུས་ཚན་ནང་ ཆུ་རྒྱུན་བརྟན་མེདཔ་ཨིན་པས།

བདེ་སྲུང་འཐུང་ཆུ་ལས་རིམ་གྱིས་ ཚྭ་འཕེལ་ལུ་ ཆུའི་དཀའ་ངལ་བསལ་ནི།

༉ ཧཱ་ཚྭ་འཕེལ་གྱི་ མི་སེར་ཚུ་ རྒྱལ་ཡོངས་བདེ་སྲུང་འཐུང་ཆུའི་ལས་རིམ་ འགོ་བཙུགས་ཏེ་ཡོད་མི་དེ་གིས་ འཐུང་ཆུའི་དཀའ་ངལ་སེལ་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་པས།

ལས་རིམ་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༥ ལུ་ འགོ་འབྱེད་འབད་མིའི་ནང་ བདེ་སྲུངཔ་༦༠ ཡོད་མི་གིས་ ཟླཝ་༣ གྱི་ནང་ ཆུའི་འཐེན་ནི་དང་ ཆུ་མཛོད་༢ རྐྱབ་ནི་ ཀི་ལོ་མི་ཊར་༢ འབད་མི་ ཆུ་དུང་མཐུད་སྦྲེལ་འབད་ནི་ལ་སོགས་པ་ གཞི་རྟེན་གྱི་ ལཱ་འབད་ནི་ཨིན་པས།

མ་དངུལ་ས་ཡ་༥ འབད་མི་ ལས་འགུལ་མཇུག་བསྡུ་ཞིནམ་ལས་ མི་༥༡༡ དེ་ཅིག་ ཁེ་ཕན་འབྱུང་ནི་ཨིནམ་ད་ ལས་འགུལ་དེ་ ཆུའི་གཙོ་རིམ་གྱི་ ལས་རིམ་ཆ་ཤས་ཅིག་ཨིནམ་ད་ བདེ་སྲུང་ཡིག་ཚང་དང་ མཉམ་འབྲེལ་ཐོག་ལས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

ཚྭ་འཕེལ་གྱི་ མི་སེར་ཚུ་ལུ་ ཆུ་རྒྱུན་བརྟན་དང་ ཆུ་ལངམ་མེད་པའི་ དཀའ་ངལ་ཡོདཔ་ད་ ཆང་ཏུ་དང་ ཁོ་རའི་བཟའ་ཚང་གིས་ ཚྭ་འཕེལ་འབྲིང་རིམ་སློབ་གྲྭ་བར་མའི་ ཉེ་འདབས་ལུ་ ཁྱིམ་༣ རྐྱབ་ཡོད་རུང་ འཐུང་ཆུ་མེདཔ་ལས་ སྡོད་མི་མ་ཐོབ་པའི་ དཀའ་ངལ་བྱུང་ཡོད་མི་དེ་ ལས་འགུལ་ལུ་བརྟེན་ བསལ་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པས།

ས་གནས་ནང་སྡོད་མི་ སྐལ་བཟང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཧེ་མ་ ཨ་ལོ་ཚུ་ ཁོང་དང་གཅིག་ཁར་ སྡོད་པའི་སྐབས་ ཆུ་ཚད་ཅིག་ལས་བརྒལ་མེད་མི་རུང་ བགོ་བཤའ་རྐྱབ་སྟེ་ འཐུང་ནི་ཡོད་ཟེར་ཨིནམ་ད་ ཆུ་རྒྱུན་བརྟན་སྦེ་ འོང་ནི་མེདཔ་ལས་ གནམ་བྱཱར་སྐབས་ ནུབ་མོ་ཨ་རྟག་ར་ བསགས་བཞག་ནི་ཡོད་ཟེར་ཨིན་པས།

ས་གནས་ནང་སྡོད་མི་ གཞན་ཅིག་གིས་ སླབ་མིའི་ནང་ སློབ་དཔོན་ཚུ་ལུ་ གླ་ཁར་གཏང་ནིའི་དོན་ལུ་ ཁྱིམ་གསརཔ་ཅིག་རྐྱབ་ཡོད་རུང་ འཐུང་ཆུ་མེདཔ་ལས་ སྡོད་མ་བཏུབ་ནི་དེ་གིས་ འོང་འབབ་ལུ་ ཐོ་སྦོམ་སྦེ་ར་ ཕོག་སྟེ་ཡོད་ཟེར་ཨིན་པས།

ཚྭ་འཕེལ་སློབ་གྲྭའི་དབུ་འཛིན་ བསོད་ནམས་ཆོས་སྒྲོན་གྱི་ ད་ལྟོའི་ ཆུ་རྐ་དེ་གིས་ སློབ་གྲྭ་ནང་རྐྱངམ་གཅིག་ ལང་ཚུགས་པས་ཟེར་ བཤད་པའི་ཁར་ སློབ་གྲྭ་དེ་ འབྲིང་རིམ་བར་མ་ལུ་ རྒྱ་སྐྱེད་འབད་བའི་སྐབས་ བརྟག་དཔྱད་ཁང་ཚུ་ རྐྱབ་དགོཔ་ལས་ ཆུ་ལངམ་སྦེ་དགོ་ཟེར་ བཤདཔ་ཨིན་པས།

མོ་གིས་འབད་བ་ཅིན་ སློབ་གྲྭ་ནང་ སློབ་རིམ་༡༡ པ་ལས་༡༢ པ་ཚུ་ ནང་སྡོད་མཐུན་རྐྱེན་ བྱིན་དགོ་པའི་ཁར་ དྲོ་མཛར་དང་ ཉིན་ལྟོ་བྱིན་དགོ་ཟེར་ཨིནམ་ད་ སློབ་གྲྭའི་ཆུ་རྐ་དེ་ ཉེ་འདབས་ཀྱི་ རྩྭ་འབྲོག་ལས་ བཀྲམ་སྤེལ་འབད་ཡོད་རུང་ གནམ་བྱཱར་སྐབས་ ཆུ་དུང་བསུབ་དོ་ཡོདཔ་ཨིན་པས།

སློབ་གྲྭ་ནང་ སློབ་ཕྲུག་༣༨༨ ཡོད་མི་ལས་ ནང་སྡོད་མཐུན་རྐྱེན་སྤྱོད་མི་༡༤༣ ཡོདཔ་བཞིན་དུ་ བསོད་ནམས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ དམིགས་བསལ་དུ་ ཀོ་བིཌ་-༡༩ སྐབས་ ལས་འགུལ་དེ་གིས་ སློབ་གྲྭ་དང་ སློབ་ཕྲུག་ཚུ་ལུ་ ཕན་ཐོགས་སྦོམ་ འབྱུང་ཚུགས་ནི་མས་ཟེར་ཨིན་པས།

དབུས་སུ་དམངས་མི་ ཨོ་རྒྱན་ཆུང་བ་གིས་ ཧེ་མ་ ཆུའི་དཀའ་ངལ་དེ་ འཆར་གཞི་ལེགས་ཤོམ་མེད་མི་ལུ་བརྟེན་ བྱུང་ཡོད་པའི་ཁར་ འཆར་གཞི་རྩམ་མི་ཚུ་གིས་ འོས་འབབ་བརྟག་ཞིབ་ ལེགས་ཤོམ་ཅིག་ མ་འབདཝ་ལས་ མི་སེར་ཚུ་ལུ་ ཆུའི་དཀའ་ངལ་བྱུང་ཡི་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཆུའི་དཀའ་ངལ་བྱུང་མི་ གནད་དོན་གཞན་དེ་ ས་གནས་ནང་ གཞི་རྟེན་མཐུན་རྐྱེན་དང་ མི་རློབས་ཡར་འཕར་སོང་མི་ལུ་བརྟེན་ཨིནམ་ད་ ཧེ་མ་ ཁྱིམ་༡༧ ལས་བརྒལ་མེད་མི་དེ་ དུས་ཚོད་ཐུང་ཀུའི་ ནང་འཁོད་ལུ་ ཁྱིམ་༤༧ ལུ་ ཡར་སེང་སོང་ཡི་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *