༉ ད་ལས་ཕར་ བཀྲིས་སྒང་ཡང་གཉེར་རྒེད་འོག་དང་ བཀྲིས་གཡང་རྩེ་ འཇམ་མཁར་རྒེད་འོག་གི་ སོ་ནམ་པ་ཚུ་གིས་ གནམ་བྱཱར་དགུན་མེད་པར་ ཞིང་ཆུ་དཔག་ཚུགས་ནི་ཨིན་པས།
དེ་ཡང་ བདེ་སྲུང་ཆུའི་ལས་འགུལ་གྱིས་ ལོ་༡ མ་ལངམ་ཅིག་གི་རྒྱབ་ལས་ ཆུ་གཡུར་ལས་འགུལ་ མཇུག་བསྡུ་ཚུགས་ནི་དེ་གིས་ཨིནམ་ད་ ལས་འགུལ་དེ་གིས་ རྒེད་འོག་༢ ཀྱི་གུང་པ་༡༥༤ ལྷགཔ་ཅིག་ལུ་ ཕན་ཁྱད་འབྱུང་ནི་ཨིན་པས།
ཀི་ལོ་མི་ཊར་༣.༥ དེ་ཅིག་འབད་མི་ ཆུ་གཡུར་ལས་འགུལ་དེ་ སློབ་རིམ་༡༠ པ་དང་༡༢ པ་ དེ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ བདེ་སྲུང་༦༠ ལྷགཔ་ཅིག་དང་ བསྟན་སྲུང་དམག་མི་ དེ་ལས་ རྫོང་ཁག་དང་སོ་ནམ་ལས་ཁུངས་ཀྱིས་ མཉམ་འབྲེལ་ཐོག་ལས་ ལཱ་འབད་བའི་གྲུབ་འབྲས་ཅིག་ཨིན་པས།
ལས་འགུལ་མཇུག་བསྡུའི་རྟེན་འབྲེལ་ནང་ བཀྲིས་སྒང་རྫོང་བདག་ ཨྱོན་རྡོ་རྗེ་གིས་ མི་སེར་སོ་ནམ་པ་ཚུ་ལུ་ བཤད་མའི་ནང་ ཆུ་གཡུར་བདག་འཛིན་འབད་ནི་དང་ ཉམས་བཅོས་འབད་ནི་འགན་ཁུར་དེ་ མི་སེར་ཚུ་ལུ་ ཕོག་ཟེར་ཨིན་པས།
ཆུ་གཡུར་ལུ་བརྟེན་ འོང་འབབ་བཟོ་ནི་དང་ དབུལ་ཕོངས་ཀྱི་དཀའ་ངལ་བསལ་ཚུགས་པ་ཅིན་ ལས་འགུལ་གྱི་གྲུབ་ལེགས་ཤོས་ཅིག་ཨིན་ཟེར་ རྫོང་བདག་གིས་བཤད་པའི་ཁར་ ཆུ་གཡུར་ལས་འགུལ་གྱིས་ ཁེ་ཕན་བྱུང་མ་འབྱུང་ རྫོང་ཁག་དང་ རྒེད་འོག་གི་འགོ་དཔོན་ཚུ་གིས་ དབྱེ་ཞིབ་འབད་འོང་ཟེར་ཨིན་པས།
ག་ཅི་ཨིན་རུང་ གཞུང་ལུ་ར་རེ་སྡོད་ནི་མེད་པར་ མི་སེར་གྱི་ཧོངས་ལས་ ག་ཅི་འབད་ཚུགས་ག་ གཉིད་ཚོར་རན་ཆི་ཡི་ཟེར་ཨིནམ་ད་ ནད་ཡམས་ཀྱི་ ཧེ་མའི་གནས་སྟངས་དང་ རྩ་ལས་མི་འདྲ་ཟེར་ རྫོང་བདག་གིས་བཤད་ཅི།
ལས་འགུལ་དེའི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༢༡.༤ དེ་ཅིག་བཞག་ཡོདཔ་ད་ བདེ་སྲུང་ཆུའི་ལས་འགུལ་ཀྱིས་ ལཱ་འབད་བའི་སྐབས་ ཟད་འགྲོ་དངུལ་ཀྲས་ས་ཡ་༡༥.༥ ལས་བརྒལ་མ་གནས་པས།
ཡང་གཉེར་རྒཔོ་ གྲུབ་ཐོབ་ཀྱིས་འབད་བ་ཅིན་ ཆུ་གཡུར་ལས་འགུལ་དེ་གིས་ ཁོ་རའི་རྒེད་འོག་དང་ འཇམ་མཁར་རྒེད་འོག་༢ ལུ་ཕན་ཐོགས་འོང་ཟེར་ཨིནམ་ད་ ལས་འགུལ་གཞི་བཙུགས་གནང་མི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ ལས་འགུལ་ནང་ལཱ་འབད་མི་ བདེ་སྲུང་ཚུ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
རྒཔོ་གིས་སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གིས་ ཞིང་ཆུ་བཏོན་ནིའི་ནང་ མ་དངུལ་བཞག་རུང་ དེ་གིས་ ལང་མ་ཚུགསཔ་ལས་ དཀའ་ངལ་བསལ་མ་ཚུགས་ཟེར་ཨིནམ་ད་ མ་དངུལ་ག་ར་དེ་ཁར་གཏང་པ་ཅིན་ གོང་འཕེལ་གྱི་ལཱ་གཞན་ལུ་ ཐོ་ཕོག་ནི་ཨིནམ་ལས་ རྫོང་ཁག་ནང་ཞུ་བ་འབད་ཡི་ཟེར་ཨིན་པས།
ཞིང་ཆུའི་ལས་འགུལ་རྩིས་སྤྲོད་འབད་བའི་སྐབས་ མི་སེར་སོ་ནམ་པ་ཚུ་ གཏན་འཇགས་ཀྱི་ ཆུ་གཡུར་ཅིག་ ཐོབ་ཚུགས་ནི་དེ་གིས་ སེམས་ལུ་དགའ་བ་བྱུང་ཡོདཔ་ད་ ས་ཞིང་སྟོངམ་བཞག་མི་ཚུ་ཡང་ ལོངས་སྤྱོད་འབད་འོང་ཟེར་ མི་སེར་ཚུ་གིས་བཤད་ཅི།
སྐྱེས་ལོ་༦༠ ལང་མི་ སུམ་ཅུང་གིས་ སླབ་མིའི་ནང་ ཧེ་མའི་ཆུ་གཡུར་དེ་ འཕྲལ་འཕྲལ་ར་ ཆུ་རུད་ཀྱིས་འཕྱགས་བདའ་ནི་ཡོདཔ་ལས་ ད་རེས་ གཏན་འཇགས་ཀྱི་ཆུ་གཡུར་ཐོབ་ཡོདཔ་ལས་ འབྱ་ལཱ་དང་ ཚོད་བསྲེ་འཛུགས་སྐྱོང་འབད་ནི་རེ་བ་ཡོད་ཟེར་ཨིན་པས།
མོ་གིས་ སླབ་མའི་ནང་ ཆུའི་ལས་འགུལ་ནང་ ཕྱག་ལཱ་གནང་མི་ བདེ་སྲུངཔ་ག་ར་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཨིནམ་ད་ ད་ལས་ཕར་ འབྱ་ཞིང་ཚུ་ནང་ ཆུ་སྐམ་འགྱོ་ནིའི་ ཚ་གྱང་ལང་མི་དགོ་པས་ཟེར་ཨིན་པས།
གཡུས་མི་ཚུ་གིས་འབད་བ་ཅིན་ འཕྲལ་འཕྲལ་ར་ ཆུ་གཡུར་འཕྱགས་འབག་ནི་དེ་གིས་ ས་ཞིང་སྟོངམ་ ཨེ་ཀར་༡༦ ལྷགཔ་ཅིག་ བཟའ་སྤྱོད་འབད་མ་ཚུགས་པར་ ལོ་༡༥ དེ་ཅིག་ལུས་སོ་ཡི་ཟེར་ཨིན་པས།
སྐྱེས་ལོ་༧༢ ལང་མི་ ཚེ་དབང་ལ་གིས་ སླབ་མིའི་ནང་ ལྕང་ལཱ་རྐྱབ་པའི་སྐབས་ ཞིང་ཆུ་དཔག་དགོཔ་ལས་ འཐབ་འཛིང་ལ་སོགས་པ་ཚུ་ འབྱུང་ནི་ཡོད་ཟེར་ཨིནམ་ད་ ཆུ་གཡུར་སྒྲིང་སྒྲི་ཐོབ་ཡོདཔ་ལས་ ད་ལས་ཕར་ མི་སྡེའི་ནང་ སྟབས་མ་བདེཝ་མི་འབྱུང་ནི་མས་ཟེར་ཨིན་པས།
མི་སེར་ཚུ་གི་དོན་ལས་ ཆུ་གཡུར་ཅིག་ཡོད་མིའི་ནང་ ཆུ་འབག་བའི་སྐབས་ བར་ན་ལས་ འཛགས་འགྱོ་མི་དང་ རྩི་སའི་གཡུར་བ་ཅིག་མེདཔ་ལས་ དཀའ་ངལ་བྱུང་ཡི་ཟེར་ཨིནམ་ད་ ད་ལས་ཕར་ མི་སེར་ཚུ་ ཆར་ཆུ་ལུ་ བསྒུག་མི་དགོ་ནི་ཨིན་པས།
སྐྱེ་ལོ་༧༢ ལང་མི་ རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་ ཆུང་ཀུ་སྦེ་སྡོདཔ་ད་ དུས་ཚོད་ཁར་ ཆརཔ་རྐྱབ་ནི་ཡོད་ཟེར་ཨིནམ་ད་ ད་རེས་ནངས་པར་ དུས་ཚོད་ཁར་ཆརཔ་རྐྱབ་ནི་མེདཔ་ལས་ ཆར་ཆུ་ལུ་ བསྒུག་མ་དགོ་པར་ ཞིང་ཆུ་དེ་གིས་ ཕན་ཐོགས་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཆུ་གཡུར་སྒྲིང་སྒྲི་ཅིག་མེད་པའི་སྐབས་ འབྱ་ག་ར་ སྐམ་འགྱོ་ནི་ཡོད་ཟེར་ཨིནམ་ད་ དེ་གིས་ཐོན་ཤུགས་ལུ་ཡང་ གནོད་ནི་ཡོད་ཟེར་ཨིན་པས།
གཡུས་མི་རྒས་ཤོས་ཅིག་གིས་ སླབ་མིའི་ནང་ ཞིང་ཆུའི་ལས་འགུལ་དེ་ ཁག་འབགཔ་ལུ་སྤྲོད་པ་ཅིན་ ད་ལྟོའི་བར་ཡང་ན་ མཇུག་བསྡུ་མ་ཚུགས་པ་འོང་ཟེར་ཨིནམ་ད་ བདེ་སྲུངཔ་ཚུ་གི་ གྲུབ་འབྲས་ལུ་ལྟ་སྟེ་ ངལ་རངས་བྱུང་ཡི་ཟེར་ཨིན་པས།
སོ་ནམ་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཞིང་ཆུ་ལས་འགུལ་ལུ་བརྟེན་ ས་ཞིང་སྟོངམ་ལུས་མི་ཚུ་ཡང་ མི་སེར་ཚུ་གིས་ བཟའ་སྤྱོད་ནི་སྦེ་ བསམ་འཆར་བཀོདཔ་མས་ཟེར་ཨིནམ་ད་ རེད་ཀྱི་ཐོན་ཤུགས་ཡར་དྲག་དང་ གནམ་སེར་ཁའི་ སོ་ནམ་གྱི་ལཱ་ཡང་ འབད་ཚུགས་ནི་མས་ཟེར་ཨིན་པས།
ཁང་ད་རི་-འགོ་ད་རི་ཞིང་ཆུའི་ ལས་འགུལ་ལུ་ བདེ་སྲུང་ཆུའི་ལས་འགུལ་གྱིས་ ལཱ་འབད་མི་དེ་ བཀྲིས་སྒང་རྫོང་ཁག་ནང་ ལས་འགུལ་༢ པ་ཨིན་པའི་གནས་ཚུལ།
གནས་བརྟན་རྡོ་རྗེ། ཡང་གཉེར།