ཚལ་མ་ལུ་གྱུར་ཡོད་མི་ བདེ་སྐྱིད་གླིང་ཁྲོམ་གྱི་ས་ཁོངས།

བདེ་སྐྱིད་གླིང་ཁྲོམ་གསརཔ་གི་དོན་ལུ་ འཆར་དངུལ་མེདཔ།

༉ བུམ་ཐང་བདེ་སྐྱིད་གླིང་ཁྲོམ་ ངོས་འཛིན་འབད་མི་དེ་ནང་ ད་ལྟོ་ ལཱ་འགོ་བཙུགས་མ་ཚུགས་པའི་ཁར་ ཁྲོམ་གསར་པའི་དོན་ལུ་ འཆར་དངུལ་ཡང་ མེདཔ་ཨིན་པས།
དེ་མ་ཚད་ ས་ཁོངས་དེ་ནང་ ནང་འཁོད་ཀྱི་འཁོར་ལམ་དང་ མཐུན་རྐྱེན་གཞན་ཚུ་ བཟོ་ནིའི་དོན་ལུ་ འཆར་དངུལ་མ་འཐོབ་པར་ཡོདཔ་ད་ བདེ་སྐྱིད་གླིང་ཁྲོམ་གྱི་ས་ཁོངས་དེ་ ཚལ་མ་ཅིག་ལུ་ གྱུར་ཡོད་སར་མཐོངམ་མས།
རྫོང་ཁག་བཟོ་རིག་འགོ་དཔོན་ ཡེ་ཤེས་རྡོ་རྗེ་གིས་ བཤད་མིའི་ནང་ ཁྲོམ་གྱི་འཆར་གཞིའི་ལཱ་ཚུ་ག་ར་ བཟོ་ཚར་ཡོད་རུང་ འཆར་དངུལ་མིན་འདུག་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཁྲོམ་སྡེ་ནང་སྡོད་མི་ མི་ངོམ་༡༥ དེ་ཅིག་ལུ་ བཟོ་སྐྲུན་འབད་ཆོག་པའི་ གནང་བ་བྱིན་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ བདེ་སྐྱིད་གླིང་དང་ རྒྱལ་མཁར་ དེ་ལས་ ལྕམ་མཁར་སྦེ་ དབྱེ་ཁག་གསུམ་བཟོ་སྟེ་ཡོད་ཟེར་ཨིནམ་ད་ དེ་ཚུ་ག་ར་ གཅིག་གིས་གཅིག་ལུ་ མཐུད་སྦྲེལ་འབད་འོང་ཟེར་ཨིན་པས།
ཨིན་རུང་ ད་རེས་ནངས་པར་ ལྕངམ་མཁར་དང་ བདེ་སྐྱིད་གླིང་བར་ནིའི་ ཕྲང་ལམ་གུ་ རྩི་ནག་གཏང་ནིའི་ལཱ་ཚུ་ སྤྱི་ཟླ་༡༠ པའི་ནང་ལས་ འགོ་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ བཟོ་རིག་འགོ་དཔོན་གྱིས་བཤད་ཅི།
ཕྲང་ལམ་དེ་ཡང་ ཁྲོམ་སྡེའི་དོན་ལུ་ དགོས་མཁོ་ཆེ་མི་དེ་ཡང་ དབང་འདུས་ཆོས་གླིང་དང་ བདེ་སྐྱིད་གླིང་བར་ན་ཡོད་མི་ གཞུང་ལམ་རྙིངམ་དེ་ རྒྱ་ཆུང་ཀུ་སྦེ་ཡོདཔ་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འབད་བའི་སྐབས་ སྟབས་མ་བདེཝ་ཐོན་དོ་ཡོདཔ་ད་ དེ་གི་ནང་ལས་ཡང་ རྫོང་ཁག་གི་ དུས་སྟོན་ཚུ་ བརྩི་སྲུང་འབད་བའི་སྐབས་ ཚོང་འབྲེལ་འཐབ་མི་ ལེ་ཤ་འོངམ་ད་ སྣུམ་འཁོར་དང་འབྲེལ་བའི་ གདོང་ལེན་སྦོམ་སྦེ་ར་ ཐོན་དོ་ཡོདཔ་ཨིན་པས།
ཡེ་ཤེས་རྡོ་རྗེ་གིས་ བཤད་མིའི་ནང་ ཁྲོམ་གྱི་ལཱ་མང་ཤོས་ར་ འབད་ཚར་ཡོདཔ་ལས་ རྩི་ནག་གཏང་ནི་ རྐྱངམ་གཅིག་ལས་མེད་ཟེར་ཨིནམ་ད་ ཕྲང་ལམ་དེ་ ན་ཧིང་ལས་ སྣུམ་འཁོར་རྒྱུན་འབྲེལ་འཐབ་ཚུགས་ནི་ཨིན་རུང་ ཁག་འབག་གིས་ ལཱ་ཚུ་ དུས་ཚོད་ཁར་ འབད་མ་ཚུགས་ནི་དེ་གིས་ ཡུན་འགྱངས་ལུས་སོ་ཡི་ཟེར་ཨིན་པས།
རྫོང་བདག་ ཕུརཔ་ཚེ་རིང་གིས་ སླབ་མིའི་ནང་ ཕྲང་ལམ་དེའི་དོན་ལུ་ ཁག་འབགཔ་སོ་སོར་ལུ་ ལཱ་སྤྲོད་དེ་ཡོདཔ་ལས་ གཡུར་བ་དང་ རྐང་ལམ་བཟོ་སྐྲུན་གྱི་ལཱ་ཚུ་ མཇུག་བསྡུ་སྟེ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ གནམ་བྱཱར་གྱི་དུས་ཚོད་ མཇུག་བསྡུ་བའི་ཤུལ་ལས་ རྩི་ནག་གཏང་ནིའི་ལཱ་ཚུ་ འགོ་བཙུགས་འོང་ཟེར་ཨིནམ་ད་ ཕྲང་ལམ་དེ་ རྫོང་ཁག་ཁྲོམ་གྱི་ མཐུན་རྐྱེན་ཚུའི་གྲས་ལས་ གཅིག་ཨིན་པས།
ཕྲང་ལམ་དེ་ ན་ཧིང་ སྤྱི་ཟླ་༡ པའི་ནང་ལས་ འགོ་བཙུགས་ཡོདཔ་ལས་ དུས་ཅི་སྤྱི་ཟླ་༣ པའི་ནང་ མཇུག་བསྡུ་དགོཔ་ཅིག་ཨིནམ་ད་ འཆར་དངུལ་ཡང་ རྒྱ་གཞུང་གི་ གྲོགས་རམ་ཐོག་ལས་ཨིན་པས།
ལྕམ་མཁར་ཁྲོམ་གྱི་ ཚོང་དཔོན་མང་ཤོས་ཀྱིས་ བདེ་སྐྱིད་གླིང་ཁྲོམ་གསརཔ་ནང་ སྤོ་ནིའི་སེམས་མེད་རུང་ ལྕམ་མཁར་ཁྲོམ་གྱི་ ཚོང་པ་མང་ཤོས་ར་ གཙང་ཆུའི་ཉེ་འདབས་ལུ་འབད་ནི་དེ་གིས་ ཉེན་ཁ་ཅན་གྱི་ ས་ཁོངས་ནང་ ཚུད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་སྡེ་འཛིན་ འཇམ་དབྱངས་རྡོ་རྗེ་གིས་ བཤད་མིའི་ནང་ ཁྲོམ་དེ་ནང་ མེ་རྐྱེན་ཚུ་འབྱུང་བའི་སྐབས་ ལག་ལེན་འཐབ་ནིའི་དོན་ལུ་ ཆུ་མཛོད་བཟོ་དགོཔ་སྦེ་ཡོད་རུང་ ད་ལྟོ་ཡང་ མ་བཟོ་བར་འདུག་ཟེར་ཨིན་པས།
རྫོང་བདག་གིས་ བཤད་མིའི་ནང་ འཆར་གཞི་༡༢ པའི་ནང་ འཆར་དངུལ་བཟོ་ནིའི་ འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲིས་བསྟན་འཛིན།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *