མེ་རྐྱེན་བྱུང་མི་ ཁྱིམ་གྱི་འཚིགས་ཤུལ།

བདེ་བ་ཐང་ལུ་མེ་རྐྱེན་གྱིས་ ཐོག་གཅིགམ་འབད་མི་ ཁྱིམ་ཅིག་ རྩ་བ་ལས་ འཚིགས་བཏང་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༦ གི་ ནུབ་མོའི་ཆུ་ཚོད་༩ དེ་ཅིག་ལུ་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་ལུ་ མེ་རྐྱེན་གྱིས་ ཐོག་གཅིགམ་འབད་མི་ ཁྱིམ་ཅིག་ རྩ་བ་ལས་ འཚིགས་བཏང་ཡོདཔ་ཨིན་པས།

བསྟན་སྲུང་དམག་མི་དང་ ཁྲིམས་སྲུང་འགག་པ་ བདེ་སྲུངཔ་ དེ་ལས་ ས་གནས་ཀྱི་མི་ཚུ་གིས་ བསྟན་སྲུང་དམག་མི་དང་ ཁྲིམས་སྲུང་འགག་སྡེའི་ ཆུ་སྐྱེལ་སྣུམ་འཁོར་ཊཱག་ ཊེང་ཀར་ཚུ་ ལག་ལེན་ཐོག་ལས་ ནུབ་མོའི་ཆུ་ཚོད་༡༠ དང་སྐར་མ་༢༠ དེ་ཅིག་ལུ་ མེ་བསད་ཚུགས་ཡོདཔ་ཨིན་པས།

འགོ་དཔོན་དང་ ཁས་བླངས་པ་ཚུ་གིས་ ག་དེམ་ཅིག་ རྩ་འགེངས་ཏེ་ མེ་བསད་རུང་ ཁྱིམ་དེ་ནང་ མེ་ཤུགས་འབར་བཏུབ་པའི་ ཨེན་ཏ་དང་ བཟོ་སྐྲུན་གྱི་ ཅ་ཆས་གཞན་ཚུ་ ཡོད་མི་ལུ་བརྟེན་ གདོང་ལེན་བྱུང་ཡོདཔ་ཨིན་པས།

རྐྱེན་ངན་བྱུང་སའི་ ཉེ་འདབས་ལུ་སྡོད་མི་ཚུ་ ཁོང་གི་ ཅ་ཆས་ཚུ་དང་གཅིག་ཁར་ ཉེན་སྲུང་ལྡན་པའི་ས་ཁོངས་ནང་ བསྐྱལ་ཡོདཔ་བཞིན་དུ་ ཁྱིམ་དེ་ བཟོ་སྐྲུན་གྱི་ ཅ་ཆས་ཚུ་བཞག་སའི་ མཛོད་ཁང་སྦེ་ ལག་ལེན་འཐབ་ཡོདཔ་ལས་ དེ་ནང་ སྡོད་མི་ག་ཡང་ མེདཔ་ཨིན་པས།

མཛོད་ཁང་དེ་ནང་ ཨེན་ཏ་ཊཱག་༢ དང་༣ དེ་ཅིག་ཡོད་མི་དང་ བཟོ་སྐྲུན་གྱི་ ཅ་ཆས་གཞན་ཚུ་ མེ་གིས་ འཚིགས་ཡོདཔ་མ་ཚད་ མཛོད་ཁང་དང་གཅིག་ཁར་སྦྱར་ཡོད་མི་ ཉམས་རྒུད་པའི་ སྡོད་ཁྱིམ་དེ་ཡང་ མེ་གིས་ ཆ་ཤས་ཅིག་ འཚིགས་བཏང་ཡོདཔ་ཨིན་པས།

གནས་ཚུལ་བཤད་མི་དང་འཁྲིལཝ་ད་ མེ་རྐྱེན་གྱིས་ དངུལ་ཀྲམ་ས་ཡ་༡.༥ དེ་ཅིག་གནས་པའི་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ འཚིགས་བཏང་ནུག་ཟེར་ཨིནམ་ད་ མཛོད་ཁང་གི་ གློག་མེ་ལ་སོགས་པ་ཚུ་ ལེགས་ཤོམ་སྦེ་ བསད་ཡོདཔ་ལས་ ག་དེ་སྦེ་ མེ་རྐྱེན་བྱུང་ཡོདཔ་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།

ཁ་ཙ་ བསམ་གྲུབ་ལྗོངས་མཁར་གྱི་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ ལུང་ཕྱོགས་ཡིག་ཚང་ལས་ ཞིབ་དཔྱད་སྡེ་ཚན་ཅིག་གིས་ ཞིབ་དཔྱད་དང་ བདེན་དཔྱད་ཚུ་འབད་ནིའི་དོན་ལུ་ རྐྱེན་ངན་བྱུང་སའི་ས་ཁོངས་ནང་ སོང་ཡོད་རུང་ ཉམས་རྒུདཔ་གིས་ ཉེན་བཅོལ་འབད་དེ་མེདཔ་ལས་ རྒྱབ་སྐྱོར་འབད་མ་ཚུགསཔ་ཨིན་པས།

ལུང་ཕྱོགས་ཡིག་ཚང་གི་ འཛིན་སྐྱོང་པ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ མི་ཚུ་གིས་ ཉེན་བཅོལ་མ་འབད་བ་ཅིན་ ཡིག་ཚང་གི་ཁ་ཐུག་ལས་ རྒྱབ་སྐྱོར་འབད་ནིའི་ མནོ་བསམ་ཡོད་རུང་ འབད་མི་ཚུགས་པས་ཟེར་ཨིནམ་ད་ ཉེན་བཅོལ་འབད་དགོཔ་ཁག་ཆེཝ་ལས་ ཉམས་རྒུདཔ་ལུ་ མ་འོངས་པར་ ཉེན་བཅོལ་འབད་དགོ་པའི་ བསླབ་སྟོན་དང་ གོ་བརྡ་ཚུ་ སྤྲོད་ཡི་ཟེར་ཨིན་པས།

བྱུང་རྐྱེན་དེ་ནང་ མིའི་ཚེ་སྲོག་ལུ་ གནོད་སྐྱོན་མེདཔ་བཞིན་དུ་ མེ་རྐྱེན་དེ་ ག་དེ་སྦེ་ བྱུང་ཡོདཔ་ཨིན་ན་ ཞིབ་དཔྱད་འབད་བའི་བསྒང་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *