བདེ་བ་ཐང་དང་ ངང་ལམ་གྱི་གཞུང་ལམ་ ཌཱན་ཊག་ལས་འགུལ་གྱིས་སེལ་ནི།

འདས་པའི་གཞུང་ མི་སེར་དམངས་གཙོ་ཚོགས་པ་གིས་ སྤྱི་ལོ་༢༠༡༥ ལུ་ ཀི་ལོ་མི་ཊར་༦༨ དེ་ཅིག་འབད་མི་ ངང་ལམ་དང་ བདེ་བ་ཐང་གི་ གཞུང་ལམ་སེལ་ནི་ ཕར་འགྱངས་འབད་མི་དེ་ ད་རེས་ ཌཱན་ཌག་ལས་འགུལ་གྱིས་ སེལ་ནི་ཨིན་པས།

ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ བཤད་མིའི་ནང་ ལས་འགུལ་གྱིས་ གཞུང་ལམ་སེལ་ནིའི་ ལས་འགུལ་ཁ་གསལ་སྙན་ཞུ་བཟོ་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིནམ་ད་ གཞུང་ལམ་གྱི་ དཔག་ཚད་ལ་ལོ་ཅིག་ བཀལ་ནི་དང་ ལས་འགུལ་གྱི་ ཁ་གསལ་སྙན་ཞུ་དེ་ཡང་ རྩིས་ལོ་དེ་ནང་ མཇུག་བསྡུ་ཞིནམ་ལས་ གཞུང་ལམ་སེལ་ནིའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

གལ་སྲིད་ གཞུང་ལམ་སེལ་ནི་གི་ ལཱ་ག་ར་ འཆར་གཞི་དང་འཁྲིལ་ཏེ་ འགྱོ་བ་ཅིན་ འཆར་གཞི་༡༢ པའི་ནང་ར་ སེལ་ཚུགས་ནི་ལུ་ དམིགས་གཏད་བསྐྱེད་དོ་ཟེར་ ཞབས་ཏོག་བློན་པོ་གིས་ བཤད་ཅི།

འདས་པའི་གཞུང་གིས་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ ཟད་འགྲོ་བཏང་མི་ གཞུང་ལམ་སེལ་ནི་དེ་ སྲུང་སྐྱོབ་ཀྱི་ གནད་དོན་ལུ་བརྟེན་ སྤྱི་ལོ་༢༠༡༥ ལུ་ ཕར་འགྱངས་འབད་ཡོད་པའི་ བཀའ་རྒྱ་བཏོན་ནུག།

སྤྱི་ལོ་༢༠༡༥ ཟླ་༣ པའི་ཚེས་༢ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ངོ་ཚབ་ ཌོག་ཊར་ཕུན་ཚོགས་རྣམ་རྒྱལ་གྱིས་ ཞབས་ཏོག་ལྷན་ཁག་གི་ དྲུང་ཆེན་བགྲེཔས་ ཌོག་ཊར་དྲགོས་བསོད་ནམས་བསྟན་འཛིན་ལུ་ ལྷོ་ཨེ་ཤི་ལུང་ཕྱོགས་མཉམ་འབྲེལ་གྱི་ འཁོར་ལམ་མཐུད་སྦྲེལ་ལས་འགུལ་འོག་ལུ་ གཞུང་གིས་ ལམ་སེལ་ནི་གི་ གནས་སྡུད་ཐོག་ལུ་ གྲོས་བསྟུན་འབད་ཡི་ཟེར་ ཡི་གུ་ཅིག་བཏང་ནུག།

ཡི་གུ་ནང་ སྲུང་སྐྱོབ་ཀྱི་ གནས་སྟངས་དང་ ལས་འགུལ་དེ་ནང་ ཕྱི་རྒྱལ་གྱི་ མ་དངུལ་བྱིན་མི་ལུ་བརྟེན་ གཞུང་གིས་ གཞུང་ལམ་སེལ་ནི་དེ་ ཕར་འགྱངས་འབད་ནི་སྦེ་ ཐག་བཅད་ཅི་ཟེར་བཀོད་ནུག།

ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ སྤྱི་ལོ་༢༠༡༡ དང་༢༠༡༢ ལུ་ ཟད་འགྲོ་ཡུ་ཨེསི་ཌོ་ལར་༦༧༠,༠༠ གནས་པའི་ ལས་འགུལ་གྲ་སྒྲིག་འཕྲུལ་རིག་རྒྱབ་སྐྱོར་གྱི་ ལཱ་ཚུ་འབད་ཚར་ཡོདཔ་ད་ ཞབས་ཏོག་ལྷན་ཁག་གིས་ གཞུང་ལམ་སེལ་ནིའི་ ཁ་གསལ་བཟོ་བཀོད་ལུ་ དངུལ་ཀྲམ་ས་ཡ་༡༢.༥༩ དེ་ཅིག་ ཟད་འགྲོ་བཏང་ནུག།

དེ་བསྒང་གི་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཡི་གུ་བཏང་པའི་སྐབས་ ཞབས་ཏོག་ལྷན་ཁག་གིས་ གཞུང་ལམ་སེལ་ནིའི་ རིན་བསྡུར་གྱི་ ཡིག་ཆ་ཚུ་ཡང་ དབྱེ་ཞིབ་འབད་ཚར་ཏེ་ རིན་བསྡུར་གྱི་ དངུལ་འབྲེལ་ཚུ་ དབྱེ་ཞིབ་འབད་བའི་ཤུལ་ལས་ ལམ་སེལ་ལས་ཁུངས་ཀྱིས་ ཡིག་ཆ་དང་ རིན་བསྡུར་ཉེན་སྲུང་ཚུ་ཡང་ ཁག་འབགཔ་ལུ་ སྤྲོད་ཡོདཔ་ཨིན་པས།

ཌཱན་ཌག་ལས་འགུལ་གྱིས་ གཞུང་ལམ་སེལ་ནི་གི་ གནས་ཚུལ་གོ་བའི་ཤུལ་ལས་ མཐའན་མཇུག་ལུ་ ལམ་སེལ་ནི་མས་ཟེར་ ས་གནས་ཀྱི་ མི་སེར་ཚུ་ སེམས་དགའ་སྟེ་ཡོད་རུང་ ལམ་ནམ་སེལ་ཚུགས་ག་ཟེར་ ཚ་གྱང་ཡང་ ལང་དོ་ཡོདཔ་ཨིན་པས།

ས་གནས་ཀྱི་ མི་ལ་ལོ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ གཞུང་ལམ་སེལ་ནི་ལུ་ ཧེ་མ་ལས་ གཞུང་གིས་ ཁ་གསལ་བརྟག་ཞིབ་འབདཝ་ད་ ཟད་འགྲོ་ས་ཡ་ལས་བཅད་དེ་ བཏང་པའི་ཤུལ་ལས་ ད་རུང་ ལོག་འབད་བའི་སྐབས་ གཞུང་ལུ་ གྱོང་རྒུད་སྦོམ་སྦེ་ར་ ཕོག་ནི་མས་ཟེར་ཨིན་པས།

དུས་ཅི་ སྤྱི་ཟླ་༨ པའི་ནང་ ངང་ལམ་ཆོས་འཁོར་གླིང་གི་རྒཔོ་ ཚུལ་ཁྲིམས་རྡོ་རྗེ་གིས་ གནད་དོན་དེ་གི་སྐོར་ རྫོང་ཁག་ཚོགས་འདུ་ནང་ སྙན་ཞུ་འབད་ཡོདཔ་བཞིན་དུ་ མི་སེར་ཚུ་གིས་ ཁེ་ཕན་ལུ་དམིགས་ཏེ་ གཞུང་ལམ་དེ་ ད་ལྟོའི་ རྒེད་འོག་ལྟེ་བའི་འཁོར་ལམ་བརྒྱུད་དེ་ སེལ་དགོཔ་སྦེ་ ཞུ་བ་འབད་ནུག།

གལ་སྲིད་ གཞུང་ལམ་དེ་ རྒེད་འོག་ལྟེ་བ་ལས་ མ་སེལ་བ་ཅིན་ ཆུ་རྐ་ལུ་ གནོད་སྐྱོན་རྐྱབ་ནི་དང་ ཆུ་རུད་འཐོན་ཉེན་ཡོད་པའི་སྐོར་ལས་ ཌཱན་ཊག་ལས་འགུལ་ལུ་ཡང་ སླབ་པའི་སྐབས་ འོས་འབབ་དང་འཁྲིལ་ཏེ་ ལམ་ཐུང་ཀུ་ལས་ སེལ་ནི་ཨིནམ་སྦེ་ སླབ་སྟེ་ཡོད་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།

རྫོང་ཁག་ཚོགས་འདུ་གིས་ ལམ་སེལ་ལས་ཁུངས་ལུ་ ཡི་གུ་ཅིག་ གཏང་ནི་སྦེ་ ཐག་བཅད་ཡོདཔ་ད་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ བཤད་མིའི་ནང་ ལྷན་ཁག་གི་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་ནང་ གཞུང་ལམ་སེལ་ནིའི་ལཱ་ཚུ་ ལྟ་རྟོག་འབད་ནི་སྦེ་ བཙུགས་ཏེ་ཡོདཔ་བཞིན་དུ་ གཞུང་ལམ་སེལ་ནིའི་དོན་ལུ་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ས་ཡ་༤༠༠ དེ་ཅིག་ བགོ་བཀྲམ་འབད་དེ་ཡོད་ཟེར་ཨིན་པས།

ད་ལྟོ་ གཞུང་ལམ་དེ་ ཕྱོགས་ག་ཏེ་ལས་ འགོ་བཙུགས་ནི་ཨིན་ན་ ཐག་མ་བཅད་པར་ཡོད་རུང་ ལས་འགུལ་གྱི་ ཁ་གསལ་སྙན་ཞུ་ནང་ བཙུགས་འོང་ཟེར་ཨིནམ་ད་ རྒེད་འོག་༢ ཀྱི་ སོ་ནམ་ཞིང་ལམ་མ་བརྩིས་པར་ འཁོར་ལམ་གསརཔ་༣༥ དེ་ཅིག་ སེལ་དགོཔ་འཐོན་ནི་མས་ཟེར་ ཞབས་ཏོག་བློན་པོ་གིས་ བཤདཔ་ཨིན་པས།

གཞུང་ལམ་དེ་ སེལ་ཚར་བའི་བསྒང་ལས་ དམིགས་བསལ་དུ་ ངང་ལམ་གྱི་ མི་སེར་ཚུ་ལུ་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ནི་དང་ རྒྱ་གར་གྱི་ འགྲུལ་བཀག་ཐོན་པའི་སྐབས་ཡང་ བསྒུག་སྡོད་མ་དགོ་པར་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ རྒྱུན་འགྲུལ་འཐབ་ཚུགས་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *