བདེ་བ་ཐང་ཁྲོམ་དེ་ རྙིང་ཤོས་ཅིག་ཨིན་རུང་ གོང་འཕེལ་འགྱོ་མ་ཚུགས་པར་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་ཁྲོམ་དེ་ རྫོང་ཁག་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་རུང་ ད་རེས་ ཁྲོམ་དེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ གོང་འཕེལ་གྱི་ལས་སྣ་ཚུ་ འགོ་འདྲེན་འཐབ་དགོཔ་འདུག།

སྤྱི་ལོ་༡༩༦༠ རེ་གྲངས་ནང་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་གཞུང་ལམ་ བསལ་བའི་སྐབས་ ཆགས་ཡོད་མི་ཁྲོམ་དེ་ ཧེ་མ་བཟུམ་སྦེ་ར་ ད་ལྟོ་ཡང་ ཁྲོམ་དེ་ནང་ ཐོག་ཚད་༡ དང་༢ འབད་མི་ ཁྱིམ་ཚུ་འདུག།

ཧེ་མ་འབད་བ་ཅིན་ ཁྲོམ་ཁར་ས་ཡོད་མི་ སའི་ཇོ་བདག་ཚུ་གིས་ ལག་ཁྲམ་མེད་མི་ལུ་བརྟེན་ ཁྱིམ་ཚུ་ རྐྱབ་མ་ཚུགས་པར་ལུས་ཡོད་རུང་ སྤྱི་ལོ་༢༠༡༧ ལུ་ ལག་ཁྲམ་ཐོབ་ནི་དེ་གིས་ ཁྲོམ་སྡེ་བདག་སྐྱོང་གིས་ ནང་འཁོད་ས་ཁོངས་འཆར་གཞི་ བཟོ་བའི་ཤུལ་ལས་ བཟོ་སྐྲུན་གྱི་ གནང་བ་ཚུ་སྤྲོད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

ད་རེས་ བདེ་བ་ཐང་ཁྲོམ་ཁར་ ཐོག་ཚད་༤ འབད་མི་སྒྲིང་ཁྱིམ་༢ རྐྱངམ་གཅིག་གིས་ རྐྱབ་ནུག།

ད་ལྟོ་ཡང་ སའི་ཇོ་བདག་མང་ཤོས་ཅིག་གིས་ བཟོ་སྐྲུན་གྱི་ལཱ་ཚུ་ འགོ་མ་བཙུགས་པར་ཡོདཔ་ད་ ལ་ལོ་ཅིག་གིས་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ འགོ་བཙུགས་མ་ཚུགས་པར་ ལུས་ཡོདཔ་བཞིན་དུ་ ལ་ལོ་ཅིག་གིས་ བཟོ་སྐྲུན་གྱི་ ཅ་ཆས་ཚུ་ ནང་འདྲེན་འབད་མ་ཚུགས་མི་ལུ་བརྟེན་ ལུས་ཡོད་པའི་ བསམ་འཆར་ཚུ་བཤདཔ་མས།

སའི་ཇོ་བདག་ བསོད་ནམས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གི་ ཕམ་ཚུ་གིས་ ལག་ཁྲམ་མེད་པར་ ཁྲོམ་དེ་ནང་ ལོ་༥༠ དེ་ཅིག་ ཚོང་འབྲེལ་འཐབ་སྡོད་ནུག་ཟེར་ཨིནམ་ད་ ལོ་དག་པ་ཅིག་གི་ ཧེ་མ་རྐྱངམ་གཅིག་ ལག་ཁྲམ་ཚུ་ ཐོབ་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཧེ་མར་ དངུལ་ཁང་ཚུ་ལས་ དཔང་པོ་དང་ གཏའ་མ་མེད་པར་ སྐྱིན་འགྲུལ་ཐོབ་ནི་དེ་ གདོང་ལེན་ཅན་ཅིག་ཨིནམ་བཞིན་དུ་ ལག་ཁྲམ་མེད་མི་ས་ཚུ་ གཏའ་མ་སྦེ་ ལེན་མ་བཏུབ་ལས་ བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་མ་ཚུགས་པར་ ལུས་སོ་ནུག་ཟེར་ཨིན་པས།

མི་གཞན་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ ལག་ཁྲོམ་ཐོབ་རུང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ བཟོ་སྐྲུན་གྱི་ ཅ་ཆས་དང་ ལས་མི་ཚུ་ ནང་འདྲེན་འབད་མི་ཚུགསཔ་ལས་ ད་ལྟོ་ཡང་ ཁྲོམ་ཁར་ སྒྲིང་ཁྱིམ་བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་མ་ཚུགས་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ ད་རེས་ གཞུང་གིས་ ཀོ་བིཌ་-༡༩ དང་འབྲེལ་བའི་ བཀག་འཛིན་འབད་མི་ ཡངས་ཆག་བཏང་ཡོདཔ་མ་ཚད་ དེ་ཁར་ སྨན་ཁང་དང་ སློབ་གྲྭ་ དེ་ལས་ མཐོ་རིམ་སློབ་གྲྭ་ཚུ་ཡོདཔ་ལས་ ཚོང་འབྲེལ་གྱི་ གོ་སྐབས་ལེགས་ཤོམ་ཡོད་མི་ལུ་བརྟེན་ འཕྲལ་མགྱོགས་ར་ བཟོ་སྐྲུན་ཚུ་ འགོ་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

བསམ་གྲུབ་ལྗོངས་མཁར་ཁྲོམ་དཔོན་ འཕྲིན་ལས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཁྲོམ་སྡེ་བདག་སྐྱོང་གིས་ འཕྲལ་མགྱོགས་ར་ སའི་ཇོ་བདག་དང་ དངུལ་འབྲེལ་གཙུག་སྡེ་ཚུ་དང་གཅིག་ཁར་ ཁྲོམ་གོང་འཕེལ་དང་འབྲེལ་བའི་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སའི་ཇོ་བདག་ མང་ཤོས་ཅིག་ར་ འབྲི་ལྷག་གི་ ཤེས་ཡོན་མེད་མི་ཚུ་ཡོདཔ་ལས་ ཞལ་འཛོམས་དེ་གིས་ དངུལ་འབྲེལ་གྱི་ ཞབས་ཏོག་ཚུ་གི་སྐོར་ལས་ གོ་བརྡ་ལེགས་ཤོམ་སྦེ་ སྤྲོད་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་བཞིན་དུ་ སའི་ཇོ་བདག་ཚུ་གིས་ཡང་ བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་ནིའི་ དུས་ཚོད་ནར་ཅི་ཟེར་ཨིན་པས།

སྤྱི་ལོ་༢༠༡༡ ལས་ བདེ་བ་ཐང་ཁྲོམ་དེ་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་འོག་ལུ་ ཚུད་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *