བདུན་རིམ་གྱི་ མི་མང་དང་འཕྱད་ནིའི་ལས་རིམ་ མཚམས་འཇོག་འབད་ཡོདཔ།

འབྲུག་གི་ བཙག་འཐུ་ལྷན་ཚོགས་ཀྱིས་ དུས་ཅི་ སྤྱི་ཟླ་༢ པ་ལས་༥ པ་ཚུན་དང་ སྤྱི་ཟླ་༨ པ་ལས་༡༠ པ་ཚུན་གྱི་བར་ན་ མི་མང་ འཛོམས་འདུ་ཚུ་ འབད་མི་ཆོག་ཟེར་ གསལ་བསྒྲགས་འབད་མི་དང་འཁྲིལ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ མཇུག་མ་བསྡུ་ཚུན་ བདུན་རིམ་གྱི་ མི་མང་དང་འཕྱད་ནིའི་ ལས་རིམ་དེ་ཡང་ མཚམས་འཇོག་འབད་ཡི་ཟེར་ཨིན་པས།

ལྷན་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་གི་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༣ ལུ་ མི་མང་དང་འཕྱད་ནིའི་ ལས་རིམ་དེ་ འགོ་བཙུགས་ཞིནམ་ལས་ཚུར་ ལས་རིམ་ཐེངས་༢༠༠ དེ་ཅིག་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ཞུ་ཡིག་ཕུལ་མི་༡,༥༠༠ ལྷགཔ་ཅིག་དང་གཅིག་ཁར་ ཕྱད་ཡོདཔ་ད་ ལས་རིམ་དེ་ ཨ་རྟག་ར་ རེས་གཟའ་ཉིམ་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།

མི་སེར་དམངས་གཙོ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ བསོད་ནམས་རྒྱ་མཚོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་རིམ་དེ་ མི་མང་ཞབས་ཏོག་དང་ ཡང་ཅིན་ གཞུང་གི་ཞབས་ཏོག་སྤྲོད་ནི་དང་འབྲེལ་བའི་ དཀའ་ངལ་ཡོད་མི་ སེལ་ཐབས་ལུ་ཨིནམ་ལས་ ཁྲིམས་དོན་དང་ སྐྱིད་སྡུག་ ཡང་ཅིན་ རྩ་ཁྲིམས་དང་འབྲེལ་བའི་ གནད་དོན་ཚུ་ནང་ འབྲེལ་གཏོགས་མེད་ཟེར་ཨིན་པས།

གཞུང་གིས་ ལས་རིམ་འགོ་བཙུགས་མི་དེ་ མི་ཚུ་གིས་ གཞུང་འབྲེལ་དུ་ གནང་བ་ལེན་མ་དགོ་པར་ བློན་ཆེན་དང་ བློན་པོའི་ལྷན་རྒྱས་ཚུ་དང་གཅིག་ཁར་འཕྱད་དེ་ འབྲེལ་བ་འཐབ་ནིའི་ གོ་སྐབས་བྱིན་ནི་དང་ གཞུང་གིས་ ཕྱག་ལཱ་ག་དེ་སྦེ་ མཛད་དོ་ག་དང་ ལྷག་པར་དུ་ མི་མང་ཞབས་ཏོག་སྤྲྲོད་ནི་ཚུ་ལུ་ བསམ་འཆར་བརྗེ་སོར་འབད་ཐབས་ལུ་ཨིན་པས།

མི་མང་དང་འཕྱད་ནིའི་ལས་རིམ་དེ་ བློན་པོ་ཚུ་གིས་ བདུན་ཕྲག་༡ ནང་ ཉིནམ་༡ མི་མང་དང་འཕྱད་ནི་ཟེར་ གཞུང་གིས་ ཉིན་གྲངས་༡༠༠ གི་ ཁས་བླངས་འབད་མི་ཚུ་གི་གྲས་ལས་ གཅིག་ཨིནམ་ད་ གཞུང་གིས་ ལས་རིམ་དེ་ འཕྲོ་མཐུད་འགོ་འདྲེན་འཐབ་མི་དེ་ཡང་ མི་ཚུ་གི་ དཀའ་ངལ་ཤེས་རྟོགས་འབྱུང་ནི་དང་ གཞུང་སྐྱོང་ལེགས་ལྡན་ནང་ དྭངས་གསལ་བཟོ་ཐབས་ལུ་ཨིན་པས།

བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ ལས་རིམ་དེ་ལུ་བརྟེན་ གཞུང་གིས་ ཐད་ཀར་དུ་ མི་སེར་ཚུ་དང་གཅིག་ཁར་ ཕྱད་ཚུགས་པའི་ གོ་སྐབས་བྱུང་ཡི་ཟེར་ཨིནམ་ད་ ཁག་ཆེ་བའི་གནད་དོན་རེ་ ཐོན་པའི་སྐབས་ལུ་དང་ ཡང་ཅིན་ མི་ལེ་ཤ་འོང་པའི་སྐབས་ བློན་ཆེན་ཁོ་ར་ འབྱོན་ནི་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ཧེ་མ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཡིག་ཚང་ནང་ བརྒྱུད་འཕྲིན་བཏང་སྟེ་ ཐོ་བཀོད་འབད་ནི་ཡོདཔ་ཨིན་རུང་ ལས་རིམ་དེ་གི་དོན་ལུ་ ཐོ་བཀོད་འབད་མི་ཚུ་ལུ་ཡང་ གོ་སྐབས་བྱིན་ནི་ཡོད་ཟེར་ཨིནམ་ད་ དེ་གིས་ མི་ཚུ་ལུ་འཐོབ་དགོ་པའི་ ཞབས་ཏོག་ཚུ་ མ་ཐོབ་མི་ལ་སོགས་པའི་ གོ་བ་བརྡ་ལོག་བྱུང་མི་ཚུ་ སེལ་ཚུགས་ཡོདཔ་ལས་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།

ལས་རིམ་དེ་ འགོ་དང་པ་ རང་བཞིན་སླར་འབྱུང་གོང་འཕེལ་ལས་འཛིན་གྱི་ ཞལ་འཛོམས་ཁང་ནང་ འགོ་འདྲེན་འཐབ་ཡོད་རུང་ ཞལ་འཛོམས་ཁང་དེ་ ཨ་རྟག་ར་ འཐོབ་མ་ཚུགས་པའི་ཁར་ གོང་ཚད་སྦོམ་གནས་མི་ལུ་བརྟེན་ ཤུལ་ལས་ ཨོ་ལ་ཁ་ལུ་ཡོད་པའི་ ཚོགས་པའི་ཡིག་ཚང་ནང་ སྤོ་བཤུད་འབད་ཡི་ཟེར་ བསོད་ནམས་རྒྱ་མཚོ་གིས་ བཤདཔ་ཨིན་པས།

བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ ལས་རིམ་དེ་ ཐིམ་ཕུག་རྐྱངམ་གཅིག་ལུ་མེན་པར་ རྒྱལ་ཁབ་ཀྱི་ ས་ཁོངས་གཞན་ཚུ་ནང་ཡང་ འགོ་འདྲེན་འཐབ་དོ་ཡོད་རུང་ མི་ལེ་ཤ་འོང་མི་མེདཔ་ལས་ གྲུབ་འབྲས་འཐོན་མ་ཚུགས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *