བདག་གཞན་གྱི་ ཉེན་སྲུང་ཁག་ཆེ་ནི།

༉ ད་རེས་ ཁྱིམ་མཚེས་རྒྱལ་ཁབ་ཚུ་ནང་ ནད་ཡམས་ཀོ་བིཌ་-༡༩ འི་ཁྱད་རྣམ་གསརཔ་ཐོན་མི་དང་བསྟུན་ གདོང་ལེན་སྦོམ་བྱུང་སྟེ་ཡོདཔ་མ་ཚད་ འབྲུག་ལུ་ཡང་ ནད་ཡམས་ཁྱབ་སྤེལ་འགྱོ་བའི་ ནམ་དུས་ལུ་ གཞུང་གིས་ མི་སུར་ཚུ་ ཨ་རྟག་དང་མ་འདྲ་བའི་ དྲནམ་བཏོན་དགོཔ་སྦེ་ དྲན་བསྐུལ་འབད་བཞིན་དུ་ཡོདཔ་ཨིན།

དྲན་བསྐུལ་དེ་ཡང་ མི་སྤུངས་འཛོམས་ལ་སོགས་པའི་ ལས་སྣ་ཚུ་ ག་དེ་དྲག་དྲག་ འཛེམ་ནི་དང་ དུས་རྒྱུན་དུ་ ཁ་རས་ལག་ལེན་འཐབ་ནི་དང་ རང་དང་རོགས་ཀྱི་བར་ན་ ས་སྟོང་བཞག་ནི་ཚུ་ཨིན་མས།

དེ་འབདཝ་ད་ གཞུང་གི་བཀའ་རྒྱ་དེ་ རྡོ་གུ་ཆུ་བླུག་དོ་བཟུམ་ཅིག་སྦེ་འགྱོ་བའི་ མཐོང་སྣང་བྱུང་མི་དེ་ཡང་ ཁྱིམ་ཚང་ཚུ་ནང་ ལོ་ཆོག་དང་ ཚེས་བཅུ་ སྐྱེས་སྟོན་ གོ་གནས་ཡར་སེང་ལ་སོགས་པ་ འགོ་འདྲེན་འཐབ་དང་གཅིག་ཁར་ རང་སོའི་ཕམ་སྤུན་ཆ་དང་ གཉེན་ཉེཝ་ ལྟ་ལྟོ་ཚང་ དེ་ལས་ མགྱོནམ་ཚུ་མགྲོན་བརྡ་འབད་ནི་ཚུ་ བཤོལ་མ་བཞག་པས།

འདས་པའི་བདུན་ཕྲག་ནང་ལས་ ཕུན་ཚོགས་གླིང་དང་ ཐིམ་ཕུག་ལུ་ ནད་ཡམས་གསརཔ་ཐོབ་མི་ ཉིན་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་མ་ཚད་ མི་སྡེ་ནང་ལས་ཡང་ ཀོ་བིཌ་-༡༩ ཐོབ་མི་ ངོས་བཟུང་འབད་མི་ལུ་ བལྟ་བ་ཅིན་ ང་བཅས་ར་ མགྲོན་བརྡ་འབད་མི་ཚུ་ནང་ འགྱོ་ནི་དེ་ ཉེན་ཁ་ཅན་ འོང་ནི་དང་ གསོ་བའི་སྒྲིག་གཞི་དང་འཁྲིལ་རུང་ མ་བཏུབ་ཅིག་ཨིན་མས།

དཔེར་ན་ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་ ཟ་ཁང་ནང་ ལཱ་འབད་མི་༣ ལུ་ ནད་འབུབ་ཐོབ་སྟེ་ཡོདཔ་ བདའ་ཟུན་པའི་ཤུལ་ལུ་ ཁོང་དང་འབྲེལ་བ་འཐབ་མི་ཚུ་ཡང་ ཀོ་བིཌ་-༡༩ འི་ནད་རྟགས་ཡོད་མེད་ བརྟག་དཔྱད་འབད་བའི་སྐབས་ ནད་འབུབ་མེདཔ་སྦེ་ ཐོན་ཡོད་རུང་ ཁོང་དང་འབྲེལ་བ་འཐབ་མི་མངམ་ཡོད་པ་ཅིན་ མི་སྡེའི་ནང་  ནད་འབུབ་ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་སྦོམ་ཡོད།

གལ་སྲིད་ ནད་འབུབ་ཐོབ་ཡོད་རུང་ ནད་རྟགས་ཀྱི་ བརྟག་དཔྱད་མ་འབད་མི་ཅིག་ ལོ་ཆོག་དང་ ཡང་ཅིན་ རྟེན་འབྲེལ་བརྩི་སར་མགྱོནམ་སྦེ་ འགྱོ་བ་ཅིན་ དེ་ཁར་འཛོམས་མི་ གཞན་ཚུ་ལུ་ ནད་ཡམས་འབུ་ནིའི་ ཉེན་ཁ་སྦོམ་ཡོདཔ་ཨིན།

དཔྱེ་འབད་བ་ཅིན་ འདས་པའི་ཟླཝ་ནང་ རྒྱ་གར་རྒྱལ་ཁབ་ཀྱི་ མངའ་སྡེ་ལ་ལོ་ཅིག་ནང་ བཙག་འཐུ་འགོ་འདྲེན་འཐབ་ཡོདཔ་མ་ཚད་ ལོ་གསར་གྱི་ དུས་སྟོན་བརྩི་སྲུང་འབད་བའི་སྐབས་ལུ་ མི་སྟོང་ཕྲག་ཁྲི་ཕྲག་སྦེ་ སྤུངས་འཛོམས་འབད་མི་ལུ་བརྟེན་ ད་རེས་ རྒྱལ་ཁབ་དེ་ནང་ ཉིན་བསྟར་བཞིན་དུ་ ཀོ་བིཌ་-༡༩ ཐོབ་མི་གསརཔ་༣༣༤,༠༠༠ ལྷགཔ་རེ་ ཐོན་དོ་ཡོདཔ་མ་ཚད་ མི་༢,༠༠༠ དེ་རེ་ལུ་ ཤི་རྐྱེན་བྱུང་དོ་ཡོདཔ་ལས་ སྨན་ཁང་ཚུ་ནང་ ནདཔ་བཞག་ས་མེད་པའི་ གདོང་ལེན་དང་ སྲོག་རླུང་རྫོགས་པའི་ དཀའ་ངལ་རྣམ་པ་སྣ་ཚོགས་ བྱུང་ནི་དེ་གིས་ འཛམ་གླིང་ནང་ འཇིགས་སྣང་ཅན་གྱི་ གནས་སྟངས་ཅིག་ལུ་ གྱུར་ཏེ་འདུག།

དེ་བཟུམ་སྦེ་ ང་བཅས་རའི་ རྒྱལ་ཁབ་ནང་ཡང་ ནད་ཡམས་ཀྱི་ ཉེན་འཚུབས་འདི་བཟུམ་འབྱུང་མི་སྲིད་ཟེར་ སླབ་མ་ཚུགསཔ་ཅིག་ལུ་ འགྱུར་ནི་གི་ འོས་འབབ་སྦོམ་ཡོདཔ་ད་ གལ་སྲིད་ ནད་ཡམས་ཁྱབ་ཆེ་དྲགས་སྦེ་ར་ སྤེལ་འགྱོ་བ་ཅིན་ ཕྱི་ཁ་ལས་ གསོ་བའི་སྨན་བཅོས་མཁས་མཆོག་ཚུ་གིས་ གྲོགས་རམ་འབད་ནི་ཕར་བཞག་ ནདཔ་བཞག་སའི་ ས་གོ་ཡང་ འཐོབ་ཚུགས་པར་ ལཱ་ཁག་གཏང་འོང་།

ག་འཆརཔ་ཟེར་བ་ཅིན་ རྒྱལ་ཁབ་ནང་ ཉིན་བསྟར་བཞིན་དུ་ ནད་འབུབ་ཐོབ་མི་༥༠ ལས་༡༠༠ གི་བར་ན་ ངོས་བཟུང་འབད་བ་ཅིན་ ད་རེས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཉལ་ཁྲི་༢༩ ལས་བརྒལ་མེད་མི་དེ་ཡང་ ཉལ་ཁྲི་༡༢ དེ་ ཚབས་ཆེན་སྨན་བཅོས་སྡེ་ཕྲན་གྱི་དོན་ལུ་ཨིན་མས།

དེ་གི་ནང་དོན་ཉིད་ལས་ ཕུན་ཚོགས་གླིང་ལུ་ མི་སྡེའི་ནང་ལས་ ཉིན་བསྟར་བཞིན་དུ་ ཀོ་བིཌ་-༡༩ ཐོབ་མི་གསརཔ་༥ ལས་༧ གྱི་བར་ན་ བདའ་ཟུན་དོ་ཡོདཔ་ལས་ འཕྲལ་མགྱོགས་ར་ ཐིམ་ཕུག་གིས་གཙོས་པའི་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ནང་ལས་ཡང་ ནད་འབུབ་ཐོབ་མི་ འཐོན་ནིའི་ཉེན་ཁ་ཡོད།

ནད་ཡམས་ལས་ ཉེན་སྐྱོབ་འབད་ནི་་གི་ ཐབས་ལམ་ཟེར་རུང་ ཕར་ཚུར་འགྲོ་འགྲུལ་འབད་ནི་དང་ མི་འཛོམས་འདུ་རུག་རུ་འབད་ནི་ དེ་ལས་ གོང་ལུ་བཀོད་དོ་བཟུམ་ རིམ་གྲོ་དང་ རྟེན་འབྲེལ་བརྩི་སྲུང་འབད་ནི་ཚུ་ནང་འགྱོ་ནི་དེ་ འཛེམ་དགོ་པའི་ཁར་ ཀོ་བིཌ་-༡༩ འི་སྒྲིག་གཞི་ཚུ་ལུ་ ཚུལ་མཐུན་སྦེ་ གནས་ནི་དེ་ར་ཨིན་མས།

ནད་ཡམས་ཀྱི་ གོ་རིམ་གཉིས་པ་དེ་ རྒྱལ་ཁབ་ནང་ འོང་མ་བཅུག་པར་ བཞག་ནི་དང་  མི་ག་ར་ ཀོ་བིཌ་-༡༩ ལས་ ཉེན་སྐྱོབ་འབད་ཐབས་ལུ་ མི་མང་ཡོངས་ཀྱིས་ འགན་ཁུར་འབག་སྟེ་ བདག་གཞན་གཉིས་ཆ་ར་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནི་ལུ་ བརྩོན་ཤུགས་བསྐྱེད་དགོ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *