བད་ཀན་ནད་གཞི་ མི་མང་གི་ འཕྲོད་བསྟེན་ཚ་གྱང་།

༉ འདས་པའི་ལོ་༥ ནང་ འབྲུག་ལུ་ བད་ཀན་ནད་གཞི་ མགྱོགས་དྲགས་སྦེ་ ཡར་སེང་སོང་མི་ལུ་བརྟེན་ མི་མང་གི་ འཕྲོད་བསྟེན་ལུ་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

ལོ་བསྟར་བཞིན་དུ་ བད་ཀན་ནད་གཞི་ཡར་སེང་སོང་མི་དེ་ སྤྱིར་སྙོམས་ལུ་འབད་བ་ཅིན་ བརྒྱ་ཆ་༡༥ ཨིནམ་ད་ ན་ཧིང་ མི་༦༥ ལུ་ བད་ཀན་ནད་གཞི་ཐོབ་ནུག།

གསོ་བ་ལྷན་ཁག་གིས་ དྲན་ཐོ་བཞག་མིའི་ནང་ བད་ཀན་ནད་གཞི་ཐོབ་མི་བསྡོམས་ མི་༩༡༩ ཡོདཔ་བཞིན་དུ་ ད་ལྟོ་ཚུན་ མི་༣༡ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།

འབུ་ནི་མེད་པའི་ ནད་གཞི་ལས་ཚན་ལས་ གཙོ་འཛིན་འགོ་དཔོན་ རིན་འཛིན་རྒྱ་མཚོ་གིས་ སླབ་མིའི་ནང་ བན་ཀན་ནད་གཞི་དེ་ མི་མང་འཕྲོད་བསྟེན་ལུ་ དཀའ་ངལ་ཅན་ཅིག་སྦེ་ གཙོ་རིམ་བཟུང་དོ་ཟེར་ཨིན་པས།

ནད་གཞི་དེ་ སྐྱེས་ལོ་༡༥ ལས་༤༤ གི་ བར་ན་འབད་མི་ཚུ་ལུ་ མང་སུ་ཐོབ་དོ་ཡོདཔ་བཞིན་དུ་ ནད་གཞི་ཐོབ་པའི་ཚད་གཞི་དེ་ བརྒྱ་ཆ་༧༣ ཨིན་པས།

ནད་གཞི་ཚུ་གི་གྲས་ལས་ ནད་གཞི་རྙིང་ཤོས་ཅིག་ཨིན་རུང་ ད་ལྟོའི་བར་ན་ཡང་ འཛམ་གླིང་ནང་ འཚུབས་དྲགས་ཅན་དང་ འབུ་ཉེན་ཅན་སྦེ་གནས་མི་དེ་ བན་ཀན་ཨིནམ་སྦེ་ བཀོད་ནུག།

རྒྱལ་སྤྱིའི་ནང་ ཉིན་བསྟར་བཞིན་དུ་ བན་ཀན་ནད་གཞི་གིས་ མི་༤,༠༠༠ རེ་ ཤི་རྐྱེན་བྱུང་དོ་ཡོད་པའི་ཁར་ བཀག་ཚུགས་མི་དང་ ཞི་ཚུགས་པའི་ བན་ཀན་ནད་གཞི་ཐོབ་མི་༢༨,༠༠༠ དེ་ཅིག་ ཡོདཔ་ཨིན་པས།

བད་ཀན་དེ་ མི་གཞན་ལུ་ འབུ་ནི་ལས་ མར་ཕབ་འབད་ཚུགས་རུང་ ནད་གཞི་ཐོབ་མི་ཚུ་ལུ་ གཞུང་གིས་ སྨན་བཅོས་ཟད་འགྲོ་སྦོམ་གཏང་དགོ་ནི་དེ་གིས་ དཔལ་འབྱོར་ལུ་ཡང་ ཐོ་ཕོག་ནུག་ཟེར་ཨིན་པས།

འབུ་ནད་གཞན་བཟུམ་སྦེ་ བད་ཀན་ནད་གཞི་ཐོབ་མི་ཚུ་ལས་ གཞན་ལུ་འབུ་ཚུགས་ཟེར་ཨིནམ་ད་ དེ་ཡང་ གློག་འཁོག་པའི་སྐབས་ རླུང་མ་གིས་ མི་གཞན་ལུ་ སྤེལ་དོ་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༩ ལུ་ བད་ཀན་ཡོད་པའི་ ཤེས་རྟོགས་བྱུང་མི་དང་ སྨན་བཅོས་འབད་མིའི་གྲུབ་འབྲས་ ལེགས་ཐོན་ཡོད་རུང་ རྒྱལ་ཁབ་ནང་ སྣ་མང་སྨན་གིས་ ཕན་ཐོགས་འབྱུང་མ་ཚུགས་མི་དེ་ ཡར་སེང་སོང་ནུག་ཟེར་ཨིན་པས།

ཤར་ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་རྒྱལ་ཁབ་ཚུ་གི་གྲས་ལས་ འབྲུག་རྒྱལ་ཁབ་ནང་ སྣ་མང་སྨན་གིས་ བད་ཀན་ནད་གཞི་ལུ་ ཕན་ཐོགས་འབྱུང་མ་ཚུགས་པའི་ གནད་དོན་དེ་ སྦོམ་ཤོས་ཅིག་ཨིན་པས།

སྤྱི་ལོ་༢༠༡༩ ལུ་ བད་ཀན་ནད་གཞི་ཐོབ་མི་༡,༠༡༦ ཡོད་མི་ལས་ སྤྱི་ལོ་༢༠༢༠ ལུ་༩༡༩ ལུ་ མར་བབས་སོང་ཡོདཔ་ད་ འཛམ་གླིང་གསོ་བའི་ལས་སྡེ་གིས་ བད་ཀན་གྱི་སྙན་ཞུ་༢༠༢༠ དང་འཁྲིལཝ་ད་ འབྲུག་ལུ་ བད་ཀན་ནད་གཞི་ཡོད་མི་༡,༣༠༠ དེ་ཅིག་ འོང་ནི་མས་ཟེར་ ཚོད་དཔག་འབད་ནུག།

གནད་དོན་དེ་ལུ་བརྟེན་ རྒྱལ་ཁབ་ནང་ བད་ཀན་ཐོབ་མི་ཡོད་རུང་ བདའ་མ་ཟུན་པར་ཡོད་མི་ཚུ་གི་གྲས་ལས་ སྨན་གྱིས་ ཕན་ཐོགས་མི་བརྒྱ་ཆ་༣༠ དང་ ཕན་མ་ཐོགས་མི་བརྒྱ་ཆ་༦༦ དེ་ཅིག་ ཡོདཔ་ཨིན་པས།

རིན་འཛིན་རྒྱ་མཚོ་གིས་ སླབ་མིའི་ནང་ བད་ཀན་ནད་གཞི་ བདའ་ཟུན་མ་ཚུགས་མི་དེ་ཡང རྒྱལ་ཁབ་ནང་ འབྲེལ་འཐབ་མང་མི་དང་ གློག་རིག་མཐུན་རྐྱེན་མེད་མི་ ནད་གཞི་ཐོབ་ཚར་ཞིནམ་ལས་ སྨན་བཅོས་ལེགས་ཤོམ་མ་འབད་མི་ དེ་ལས་ དུས་ཚོད་ཁར་ སྨན་ལེགས་ཤོམ་སྦེ་ བཟའ་མ་བཏུབ་པའི་ དཀའ་ངལ་སྣ་ཚོགས་ལུ་བརྟེན་ ཨིན་ཟེར་ཨིན་པས།

ན་ཧིང་ ནད་ཡམས་ཀོ་བིཌ་-༡༩ འི་གདོང་ལེན་གྱིས་ གསོ་བ་ལྷན་ཁག་དང་ རྒྱལ་ཡོངས་བན་ཀན་བཀག་ཐབས་ལས་རིམ་ལུ་ བད་ཀན་ཐོབ་མི་ཚུ་དང་ མི་མང་ཞབས་ཏོག་བྱིན་ནི་ལུ་ དཀའ་ངལ་མ་འཐོན་པའི་ཁར་ ཚ་རིམས་སྨན་བཅོས་བརྟག་དཔྱད་འབདཝ་ད་ སྨན་གྱིས་དྲག་མི་ བད་ཀན་ནདཔ་༥༨ དང་ སྨན་གྱིས་ ཕན་ཐབས་མེད་མི་ནདཔ་༧ བདའ་ཟུན་ནུག།

ལྷག་པར་དུ་ བད་ཀན་ནད་གཞི་བཀག་ཐབས་ལུ་ མི་མང་གློག་རིག་ཐོག་ལས་ ཕྱི་སེལ་འབད་ནི་དང་ ཉེན་ཁ་ཆེ་བའི་ མི་སེར་ཚུ་ བརྟག་དཔྱད་འབད་ནི་ སྨན་བཀྲམ་སྤེལ་འབད་ནི་ དེ་ལས་ བད་ཀན་ཡོད་མི་ཚུ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་སྟེ་ སྨན་བཅོས་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

གསོ་བ་ལྷན་ཁག་གིས་ སྤྱི་ལོ་༢༠༣༠ ལས་ མི་མང་འཕྲོད་བསྟེན་ལུ་ བད་ཀན་ནད་གཞིའི་ དཀའ་ངལ་མེདཔ་སྦེ་ བཟོ་ནིའི་དམིགས་གཏད་བསྐྱེད་དོ་ཡོདཔ་ད་ དེ་ཡང་ ནད་གཞི་ཡོད་པའི་ ཉེན་བརྡ་འབད་ནིའི་འཆར་གཞི་ བརྒྱ་ཆ་ལས་༩༠ དེ་ཅིག་དང་ སྨན་བཅོས་ཐོག་ལས་ བད་ཀན་ཐོབ་མི་ནདཔ་བརྒྱ་ཆ་༩༠ དྲག་ཚུགསཔ་བཟོ་ནི་ཨིན་པས།

འཛམ་གླིང་བད་ཀན་གྱི་ཉིནམ་དེ་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༣ པའི་ཚེས་༢༤ ལུ་ བརྩི་སྲུང་འབད་ཡོདཔ་ད་ དུས་ཅི་གི་བརྗོད་དོན་དེ་ ཆུ་ཚོད་འཁོར་ལོའི་སྐད་བཟུམ་སྦེ་ ཉེན་ཁ་ཆེ་བའི་ བད་ཀན་ནད་གཞི་ལུ་ འཛམ་གླིང་གིས་ འགན་ལེན་འབད་མ་ཚུགས་པར་ དུས་ཚོད་རྫོགས་དོ་ཟེར་ཨིན་པས།

བད་ཀན་ནད་གཞི་དེ་ འབུ་ནད་ཅན་གྱི་ནད་གཞི་༡༠ གྱི་གྲངས་སུ་ ཚུདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *