བད་ཀན་ནད་གཞི་གི་ དུས་ཐུང་སྨན་བཅོས་ འགོ་བཙུགས་ནི།

༉ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ སྨན་སྣ་ཚོགས་ཀྱིས་ ཕན་ཐོགས་མེད་པའི་ བད་ཀན་ནད་གཞི་གི་ དུས་ཐུང་སྨན་བཅོས་ འགོ་བཙུགས་ནི་ཨིན་པས།
ཐིམ་ཕུག་སྨན་ཁང་གིས་ དུས་ཅི་སྤྱི་ཟླ་༤ པའི་ནང་ སྨན་སྣ་ཚོགས་ཀྱིས་ ཕན་ཐོགས་མེད་པའི་ བད་ཀན་ཐོབ་མི་ནདཔ་༡༥ ལུ་ དུས་ཐུང་སྨན་བཅོས་འབད་ནི་ འགོ་བཙུགས་ནི་ཨིན་པས།
སྨན་སྣ་ཚོགས་ཀྱིས་ ཕན་ཐོགས་མེད་པའི་ བད་ཀན་ནད་གཞི་གི་ ལམ་སྟོན་དཔེ་དེབ་ཅིག་ སྤྱི་ཟླ་༣ པའི་ཚེས་༢༤ ལུ་ འཛམ་གླིང་བད་ཀན་གྱི་ཉིནམ་ བརྩི་སྲུང་དང་འབྲེལ་ཏེ གསར་བཏོན་འབད་མི་དང་འཁྲིལཝ་ད་ ཁོང་ནདཔ་༡༥ གིས་ སྨན་བཅོས་ཀྱི་ཚད་གཞི་མཐར་འཁྱོལ་ཡོདཔ་སྦེ་ཨིན་པས།
སྨན་སྣ་ཚོགས་ཀྱིས་ ཕན་ཐོགས་མེད་པའི་ བད་ཀན་ནད་གཞི་གི་ དུས་ཐུང་སྨན་བཅོས་འབད་ནི་ འགོ་བཙུགས་ཞིནམ་ལས་ ཧེ་མ་ཟླ་ངོ་༢༠ གི་རིང་ སྨན་བཅོས་འབད་དགོ་མི་དེ་ ད་ལས་ཕར་ ཟླ་ངོ་༡༡ ལས་ སྨན་བཅོས་འབད་མི་དགོ་ནི་ཨིན་པས།
ཚེ་དབང་རིག་འཛིན་གྱིས་འབདབ་ཅིན་ ནདཔ་ཚུ་གི་དོན་ལུ་ སྨན་བཅོས་ཤུགས་ཅན་དེ་ ཟླཝ་༤ པ་ལས་༦ པ་ཚུན་འབད་དགོཔ་ད་ དེ་གི་ཤུལ་ལས་ ཟླ་ངོ་༥ གི་རིང་ འཕྲོ་རྒྱུན་སྨན་བཅོས་འབད་འོང་ཟེར་ཨིན་པས།
འཕྲོ་རྒྱུན་སྨན་བཅོས་འབད་བའི་སྐབས་ ནདཔ་དེ་གིས་ ཟླཝ་༤ གི་ནང་འཁོད་ལུ་ བློ་ཚིལ་བསྒྱུར་བཅོས་འགྱོ་མ་བཏུབ་པ་ཅིན་ ད་རུང་ སྨན་བཅོས་ཐེབས་ ཟླཝ་༢ འབད་དགོཔ་ཨིན་རུང་ འཕྲོ་རྒྱུན་སྨན་བཅོས་དེ་ ཟླཝ་༥ ལས་ མངམ་སྦེ་འབད་ནི་མི་འོང་ཟེར་ཨིན་པས།
དུས་ཐུང་སྨན་བཅོས་དེ་ མང་ཆེ་ཤོས་ཅིག་ ཨ་ལོ་ཆུང་ཀུ་དང་ མི་རྒས་ཤོས་ ཨེཆ་ཨའི་བི་ནད་གཞི་དང་ སྨན་སྣ་ཚོགས་ཀྱིས་ ཕན་ཐོགས་མེད་པའི་ བད་ཀན་ནད་གཞི་༢ གཅིག་ཁར་ཡོད་མི་ཚུ་ གིས་ སྨན་བཅོས་དེ་ འབད་ནི་ལུ་རྒྱབ་སྣོན་འབདཝ་ཨིན་ཟེར་ ཚེ་དབང་རིག་འཛིན་གྱིས་ བཤད་ཅི།
བད་ཀན་ནད་གཞི་ཐོབ་མི་ག་ར་གིས་ དུས་ཐུང་སྨན་བཅོས་འབད་ནིའི་ འོས་འབབ་མེདཔ་མ་ཚད་ ཨ་ལོ་སྐྱེ་ནི་ཡོད་མི་ ཨའི་ཚུ་ལུ་ཡང་ མི་བཏུབ་ཟེར་ཨིན་པས།
དུས་ཐུང་སྨན་བཅོས་ཀྱི་ སྨན་བཅོས་ཤུགས་ཅན་སྐབས་ལུ་ སྨན་མ་འདྲཝ་༧ ལག་ལེན་འཐབ་ནི་ཡོདཔ་ད་ འཕྲོ་རྒྱུན་སྨན་བཅོས་སྐབས་ལུ་ སྨན་མ་འདྲཝ་༤ ལག་ལེན་འཐབ་དགོ་ཟེར་ཨིན་པས།
དེ་བཟུམ་སྦེ་ དུས་ཡུན་རིནམོ་གི་སྐབས་ལུ་འབད་བ་ཅིན་ སྨན་བཅོས་ཤུགས་ཅན་སྐབས་ སྨན་༥ དང་ འཕྲོ་རྒྱུན་སྨན་བཅོས་ནང་ སྨན་༤ ལག་ལེན་འཐབ་ནི་ཨིན་པས།
བད་ཀན་གྱི་སྨན་ཚུ་གིས་ གཟུགས་ཁར་གནོད་པ་ཡོདཔ་ལས་ ནདཔ་ཚུ་ལེགས་ཤོམ་སྦེ་ ལྟ་རྟོག་འབད་དགོཔ་ཁག་ཆེ་ཟེར་ ཚེ་དབང་རིག་འཛིན་གྱིས་ སླབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *