བཅའ་མར་གཏོགས་མི་དང་ གདམ་འཐུའི་ནང་ ཨང་༣ པ་ཐོན་མི་ལུ་ ལཱ་གཡོག་བྱིན་དགོཔ།

༉ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ སྤྱི་ལོ་༢༠༡༩ ཟླ་༤ པའི་ནང་ རྫོང་ཁའི་ལས་རིམ་བཟོ་མི་དང་ གསལ་བཤད་པའི་དོན་ལུ་ བཅའ་མར་གཏོགས་མི་དང་ གདམ་འཐུའི་ནང་ ཨང་༣ པ་ཐོན་མི་དེ་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༡ ལས་ ལཱ་གཡོག་ནང་བཙུགས་དགོ་པའི་ བཀའ་རྒྱ་གནང་ནུག།

གནད་དོན་དེ་ཡང་ ལས་འཛིན་གྱི་ རྫོང་ཁའི་ལས་རིམ་བཟོ་མི་དང་ གསལ་བཤད་པའི་ས་སྟོང་༢ གསལ་བསྒྲགས་འབད་མིའི་ནང་ བཅའ་མར་གཏོགས་མི་ཅིག་གིས་ ལས་འཛིན་གྱིས་ ཁོ་ལུ་ ལཱ་གཡོག་གི་གོ་སྐབས་ བྱིན་མ་བཏུབ་པའི་སྐོར་ལས་ ཀྲོང་གསར་རྫོང་ཁག་ཁྲིམས་འདུན་ལུ་ རྩོད་གཞི་བཙུགས་ཡོདཔ་ཨིན་པས།

རྩོད་རྩ་གིས་ ཁོ་གི་ ཡིག་ཐོག་དང་ འོས་འབབ་ཆོས་རྒྱུགས་ནང་ ཨང་དང་པ་ཐོན་རུང་ མཐའ་བཅད་གྲུབ་འབྲས་སྐབས་ བསྒྱུར་བཅོས་འབད་ཡོདཔ་ད་ ཁོ་རང་ ཨང་༣ པ་དང་ སོར་ཐེབས་ནང་ཨིན་རུང་ ལཱ་གཡོག་བྱིན་མ་བཏུབ་སྦེ་ བཤད་ནུག།

རྩོད་ཟླ་གིས་འབད་བ་ཅིན་ རྩོད་རྩའི་གྲུབ་འབྲས་བསྒྱུར་བཅོས་མ་འབདཝ་མ་ཚད་ རྩོད་རྩ་སོར་ཐེབས་ཀྱི་ གདམ་ངོ་མེན་པའི་ཁར་ ལཱ་གཡོག་འཐོབ་ནིའི་དོན་ལུ་ རྩོད་རྩ་གི་ འདམ་འཐུའི་རིམ་པ་ནང་ གཡོ་ཟོལ་གྱི་ བྱ་བ་བརྩམས་མི་ལུ་བརྟེན་ཏེ་ རྩོད་རྩ་ལུ་ ལཱ་གཡོག་སྤྲོད་མ་ཚུགས་ཟེར་ཨིནམ་ད་ ཁྲིམས་འདུན་གྱིས་ རྩོད་རྩ་ལུ་ ལཱ་གཡོག་འཐོབ་དགོ་ཡོད་མེད་ཀྱི་ དབྱེ་དཔྱད་འབད་བའི་སྐབས་ རྩོད་རྩའི་རིག་རྩལ་ཆོས་རྒྱགས་ཀྱི་ གྲུབ་འབྲས་བསྒྱུར་བཅོས་འབད་མི་དང་ རྩོད་རྩ་ སོར་ཐེབས་ཀྱི་གདམ་ངོ་ཨིན་པའི་ མངོན་རྟགས་མ་གྲུབ་སྦེ་ཨིན་པས།

ཁྲིམས་འདུན་གྱིས་ རྩོད་རྩ་གི་ གདམ་འཐུའི་རིམ་པ་ནང་ གཡོ་ཟོལ་གྱི་བྱ་བ་བརྩམས་པའི་ མངོན་རྟགས་མ་གྲུབ་མི་དང་ གདམ་འཐུ་གྲུབ་མི་ ལྷུན་གྲུབ་རྡོ་རྗེ་གི་གྲུབ་འབྲས་དེ་ ཁོ་རང་ ལཱ་གཡོག་གི་ ཞུ་ཡིག་ཕུལ་བའི་ཉིནམ་ལས་ ནུས་མེད་དང་བདེན་སྟོང་ཨིནམ་སྦེ་ བཀོད་ཡོདཔ་ཨིན་པས།

རྩོད་ཟླ་གིས་ གདམ་འཐུ་འགོ་འདྲེན་འཐབ་པའི་བསྒང་ ལས་གཡོག་ལྷན་ཁག་གི་ གསར་བཙུགས་དང་ གདམ་འཐུའི་སྒྲིག་གཞིའི་དོན་ཚན་༢༢ ཏ་པ་དང་༢༤ ང་པ་༢༥ , ༣༢ པ་བཅས་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ ལས་གཡོག་བཅའ་ཡིག་ལེའུ་༡༩ པ་ལྟར་ དང་ལེན་འབད་བ་མེདཔ་དང་ གདམ་འཐུ་གྲུབ་མི་ ལྷུན་གྲུབ་རྡོ་རྗེ་ རྒྱབ་བཤུད་རྐྱབ་ཡོདཔ་ལས་ ལས་འཛིན་གྱིས་ ལས་གཡོག་ལྷན་ཁག་གི་ གསར་བཙུགས་དང་གདམ་འཐུའི་སྒྲིག་གཞིའི་ དོན་ཚན་༢༧ པ་ལྟར་ སྤྱི་ཟླ་༧ པའི་ཚེས་༡ ལས་ གདམ་འཐུ་ནང་ལས་ཨང་༣ པ་ཐོན་མི་ རྩོད་རྩ་ལུ་ རྫོང་ཁའི་ལས་རིམ་བཟོ་དང་ གསལ་བཤད་པའི་ ལཱ་གཡོག་བྱིན་དགོ་པའི་ འཁྲུན་ཆོད་གནང་ནུག།

རྩོད་རྩ་གིས་ རྩོད་ཟླ་ལུ་ ཉེས་ཁྲིམས་སྨིན་དགོ་པའི་ ཉེས་འཛུགས་༡༠ དེ་ཅིག་ བཀོད་མི་ཚུ་ རྩོད་ཟླ་གི་འབད་བ་ཅིན་ ཁྲིམས་འགལ་གྱི་ལཱ་ ག་ནི་ཡང་འབད་འབདཝ་མེད་ཟེར་ བཀོད་ཡོདཔ་ད་ རྩོད་རྩ་གིས་བཀོད་པའི་ ཉེས་འཛུགས་ཚུ་ ངོས་ལེན་འབད་ཐབས་ཡོད་མེད་ བརྟག་དཔྱད་འབད་ཡོདཔ་ཨིན་པས།

དེ་ལུ་ ཁྲིམས་འདུན་གྱིས་ འབྲུག་གི་མངོན་མཐོ་ཁྲིམས་འདུན་གྱི་ སྤྱི་ལོ་༢༠༡༥ ཟླ་༦ པའི་ཚེས་༦ ལུ་ ཁྱབ་བསྒྲགས་ཨང་མངོན་མཐོ་༥༡-༢༠༡༥/༣༡༠༡ ཅན་མའི་རིམ་ཨང་༣ པར་ དྲང་དཔོན་ལུ་ ཉེས་འཛུགས་བཀོད་དེ་ ཉེས་ཁྲམས་བཀལ་ནིའི་ དབང་ཚད་མེད་ཟེར་ བཀོད་ཡོདཔ་ཨིན་པས།

དེ་འབདཝ་ལས་ གནད་དོན་དེ་ཚུ་ འབྲེལ་ཡོད་ཞིབ་དཔྱད་ལས་སྡེ་ལུ་ ཉེས་ལས་སྙན་ཞུ་འབད་དེ་ ཉེས་འཛུགས་ཁྲིམས་སར་ ཕུལ་ན་མ་གཏོགས་ ཁྲིམས་འདུན་གྱིས་ ཞིབ་དཔྱད་འབད་དེ་ ཉེས་ཁྲིམས་བཀལ་ནིའི་ དབང་ཚད་མེདཔ་ལས་ ཉེས་འཛུགས་ཚུ་ ངོས་ལེན་འབད་མ་ཚུགས་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།

གནད་དོན་དེ་ ཚད་འཛིན་གྱི་ དུས་ཡུན་ཞག་གྲངས་༡༠ ནང་འཁོད་ མཐོ་གཏོགས་ཞུ་ནིའི་ གོ་སྐབས་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *