བང་ལ་དེཤ་ལུ་ འབྲུག་གི་གཞུང་ཚབ་ རིན་ཆེན་ཀུན་རྩོལ་གྱིས་ སྨན་ཁབ་བཙུགས་པར་ འོང་མི་ཚུ་ལུ་ གསལ་བཤད་འབད་བའི་བསྒང་།

བང་ལ་དེཤ་ལུ་ འབྲུག་མི་ཚུ་ལུ་ ཀོ་བིཌ་-༡༩ འི་སྨན་ཁབ་བཙུགས་ཡོདཔ།

༉ ཁ་ཙ་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ རྒྱལ་ཁབ་དེ་ནང་ ཤེས་ཡོན་སྦྱང་མི་ འབྲུག་པའི་སློབ་ཕྲུག་༦༢ དང་ ལཱ་འབད་མི་༣ དེ་ལས་ གཞུང་ཚབ་ལས་ཁང་ནང་ ལཱ་འབད་མི་ཚུ་ལུ་ ནད་ཡམས་ཀོ་བིཌ༌-༡༩ འི་ སྨན་ཁབ་བཙུགས་ཡོདཔ་ཨིན་པས།

གཞུང་ཚབ་ལས་ཁང་ལས་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ སྨན་ཁབ་བཙུགས་མི་ཚུ་ དུས་ཡུན་སྐར་མ་༣༠ ལྟ་རྟོག་ཐོག་ལུ་བཞགཔ་ད་ གཟུགས་ཁམས་འཕྲོད་བསྟེན་ལུ་ མ་འཕྲོད་པའི་ དཀའ་ངལ་ག་ཅི་ཡང་ མ་ཐོན་ཟེར་ཨིན་པས།

སྨན་ཁབ་བཙུགས་པར་འོང་མི་ སློབ་ཕྲུག་ཚུ་ གཞུང་ཚབ་ལས་ཁང་ལས་ ཉིན་མའི་བཞེས་སྒོ་བྱིན་པའི་ཤུལ་ལས་ སྣུམ་འཁོར་ནང་སྦེ་ རང་སོའི་མཐོ་རིམ་སློབ་གྲྭ་ཚུན་ བསྐྱལ་ཡོདཔ་ཨིན་པས།

སེ་ལེཊ་ ཨེམ་ཨེ་ཇི་ཨོསི་མ་ནི་གསོ་རིག་མཐོ་རིམ་སློབ་གྲྭ་ནང་ ཤེས་ཡོན་སྦྱང་མི་ འབྲུག་པའི་སློབ་ཕྲུག་༤ ད་ལྟོ་ ཆོས་རྒྱུགས་རྐྱབ་པའི་བསྒང་ཡོདཔ་ལས་ ཁ་ཙ་ ཌ་ཀ་ལུ་ གཞུང་ཚབ་ལས་ཁང་ནང་ སྨན་ཁབ་བཙུགས་པར་ འོང་མ་ཚུགས་རུང་ ཁོང་ཆ་ཁྱབ་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ སྨན་ཁབ་བཙུགས་ནི་སྦེ་ ལས་འཆར་བཟོ་སྟེ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

སེ་ལེཊ་ཁྲོམ་སྡེ་དེ་ ཌ་ཀ་ལས་ སྣུམ་འཁོར་ནང་འགྱོཝ་ད་ དུས་ཡུན་ཆུ་ཚོད་ཕྱེད་དང་བདུན་ འགོར་དོ་ཡོདཔ་ཨིན་པས།

འདས་པའི་ཟླཝ་༡ ནང་ བང་ལ་དེཤ་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་མངམ་ ཐོན་མི་ལུ་བརྟེན་ རྒྱལ་ཁབ་དེ་ནང་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་ཚུ་གི་ ཉེན་སྲུང་དེ་ འབྲུག་གཞུང་གི་དོན་ལུ་ ཚ་གྱང་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

དེ་འབདཝ་ལས་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ བང་ལ་དེཤ་ལུ་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་དང་ ལཱ་འབད་མི་ དེ་ལས་ རྒྱལ་ཁབ་དེ་ནང་སྡོདཔ་ཨིན་རུང་ བང་ལ་དེཤ་གཞུང་གི་ སྨན་ཁབ་ལས་རིམ་ལས་ ཁབ་འཐོབ་ནིའི་ འོས་འབབ་མེད་མི་ འབྲུག་མི་ཚུ་གི་དོན་ལུ་ འབྲུག་ལས་ སྨན་ཁབ་བསྐྱལ་གནང་དགོཔ་སྦེ་ གཞུང་ལུ་ གྲོས་འཆར་ཕུལ་ཡོདཔ་ཨིན་པས།

བང་ལ་དེཤ་གཞུང་གིས་ཡང་ རྒྱལ་ཁབ་དེ་ནང་ཡོད་མི་ འབྲུགཔ་ཚུ་གི་དོན་ལུ་ འབྲུག་ལས་ སྨན་ཁབ་འབག་འོང་ཆོག་པའི་ གནང་བ་གནང་ཡི་ཟེར་ གཞུང་ཚབ་ལས་ཁང་གི་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

གཞུང་གིས་ཡང་ གཞུང་ཚབ་ལས་ཁང་གི་ གྲོས་འཆར་ལུ་ ངོས་ལེན་མཛད་དེ་ སྤྱི་ཟླ་༤ པའི་ཚེས་༡༤ ལུ་ ཀོ་བི་ཤེལཌ་སྨན་ཁབ་སྒྲོམ་ཆུང་༩ འབྲུག་གི་གནམ་གྲུ་ནང་ རྒྱལ་ས་ཌ་ཀ་ལུ་ བསྐྱལ་ཡོདཔ་ཨིན་པས།

གཞུང་ཚབ་ལས་ཁང་གིས་ ཌ་ཀ་ལུ་ གསོ་རིག་གཙུག་ལག་སློབ་སྡེ་ནང་ པི་ཇི་ཟེར་ མཐོ་རིམ་གོང་མའི་ སློབ་སྦྱོང་འབད་མི་ འབྲུག་པའི་དྲུང་འཚོ་༤ དང་ མཉམ་འབྲེལ་ཐོག་ འབྲུག་མི་ཚུ་ལུ་ སྨན་ཁབ་བཙུགས་ནིའི་ ལས་རིམ་ཅིག་ བཟོ་ཡོདཔ་མ་ཚད་ དྲུང་འཚོ་ཚུ་གིས་ ཐིམ་ཕུག་ལུ་ གསོ་བ་ལྷན་ཁག་དང་ གྲོས་བསྟུན་འབད་དེ་ སྨན་ཁབ་ག་དེ་སྦེ་ བཙུགས་ནི་ཨིན་ནའི་ བཀོད་བྱ་དང་ ལམ་སྟོན་ཐོབ་ཡོདཔ་ཨིན་པས།

འབྲུག་གི་གཞུང་ཚབ་ལས་ཁང་གིས་ སློབ་ཕྲུག་དང་ བང་ལ་དེཤ་ལུ་ཡོད་མི་ འབྲུགཔ་གཞན་ཚུ་གི་ ཁ་ཐུག་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ གཞུང་ལུ་ སྨན་ཁབ་མཁོ་སྤྲོད་དང་ འབྲུག་མི་ཚུ་ ག་ཏེ་སྡོད་སར་ ཉེན་སྲུང་ངེས་བརྟན་ཡོདཔ་ བཟོ་གནང་མི་ལུ་ བཀྲིན་དགའ་ཚོར་ཞུ་ཡོད་པའི་གནས་ཚུལ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *