བང་ལ་དེཤ་ལུ་ བློན་ཆེན་གྱི་ གཟིགས་སྐོར་སྐབས་ འབྲུག་མི་༢ ལུ་ ཀོ་བིཌ་-༡༩ ཐོབ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་མཆོག་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ གཟིགས་སྐོར་གནང་པའི་སྐབས་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་ལྟེ་བའི་ ཞབས་ཁྲ་རྐྱབ་མི་༢ ལུ་ ནད་ཡམས་ཀོ་རོ་ན་བའེ་རཱསི་ཐོབ་ཡོད་པའི་ གྲུབ་འབྲས་ཐོན་ཡོདཔ་ཨིན་པས།

དེ་ཡང་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་ལྟེ་བ་ལས་ མི་༢༢ འབད་མི་ སྡེ་ཚན་ཅིག་ བློན་ཆེན་གྱི་ འཐུས་མི་སྡེ་ཚན་གྱི་གྲངས་སུ་སྦེ་ ཌ་ཀ་ལུ་ སོང་མི་དེ་ཡང་ བང་ལ་དེཤ་རྒྱལ་ཁབ་ རང་དབང་ཐོབ་སྟེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་ནང་ རང་ལུགས་ཀྱི་ སྤྲོ་སྟོན་ལས་རིམ་ སྤྱན་འབུལ་ཞུ་ནིའི་དོན་ལས་ཨིན་པས།

གནས་ཚུལ་གྱི་ བྱུང་ཁུངས་དང་འཁྲིལཝ་ད་ འཆམ་དང་ཞབས་ཁྲ་རྐྱབ་མི་ སྡེ་ཚན་དེ་ ཌ་ཀ་ལུ་ བདུན་ཕྲག་༡ སྡོད་པའི་ཤུལ་ལས་ འབྲུག་ལུ་ ལོག་མ་འོང་པའི་ཧེ་མར་ བརྟག་དཔྱད་འབདཝ་ད་ སྡེ་ཚན་གྱི་གྲས་ལས་ ཕོ་སྐྱེས་༡ དང་ ཨམ་སྲུ་༡ ལུ་ ཀོ་བིཌ་-༡༩ ཐོབ་སྟེ་ཡོདཔ་ ངོས་བཟུང་འབད་ཡི་ཟེར་ཨིན་པས།

སྤྱི་ཟླ་༣ པའི་ཚེས་༢༤ ལུ་ ཌ་ཀ་ལུ་ སྤྲོ་སྟོན་ལས་རིམ་འགོ་འདྲེན་འཐབ་སར་ སྙན་ཆ་དཀྲོག་མི་ཅིག་གིས་ ཁོ་ར་ མགུ་ཏོ་ནཝ་མ་ཚད་ དྲོད་འབར་རྐྱབ་མས་ཟེར་ ཉོགས་བཤད་བཀོདཔ་ལས་ དེ་འཕྲོ་ལས་ ཀོ་བིཌ་-༡༩ བརྟག་དཔྱད་འབད་སའི་ གུར་ནང་ཁྱིད་དེ་ རེ་པིཌ་བརྟག་དཔྱད་འབདཝ་ད་ ནད་རྟགས་ཐོན་ཡོདཔ་མ་ཚད་ གཏན་འཁེལ་གྱི་དོན་ལུ་ ཨར་ཊི་-པི་སི་ཨར་ཐོག་ལུ་ བརྟག་དཔྱད་འབད་བའི་སྐབས་ལུ་ཡང་ ནད་འབུབ་ཡོད་པའི་ གྲུབ་འབྲས་ཐོན་ཡོདཔ་ཨིན་པས།

གནས་ཚུལ་བཤད་མི་ཅིག་གིས་ སླབ་མིའི་ནང་ ཕོ་སྐྱེས་དེ་ལུ་ ཀོ་བིཌ་-༡༩ ཐོབ་སྟེ་ཡོདཔ་ ངོས་བཟུམ་འབད་བའི་ཤུལ་ལས་ སློབ་སྦྱོང་ལྟེ་བའི་ སྡེ་ཚན་དེ་ ཁོ་དང་ཐད་ཀར་དུ་ འབྲེལ་བ་འཐབ་མི་ཨིནམ་ལས་ བློན་ཆེན་གྱི་ འཐུས་མི་སྡེ་ཚན་དང་གཅིག་ཁར་ རྒྱལ་ཁབ་ནང་ མ་བཏང་པར་ བཀག་བཞག་དགོཔ་ བྱུང་ཡི་ཟེར་ཨིན་མས།

བློན་ཆེན་དང་ ཕྱག་ཞུ་འགྱོ་མི་ འཐུས་མི་གཞན་ཚུ་ སྤྱི་ཟླ་༣ པའི་ཚེས་༢༥ ལུ་ རྒྱལ་ཁབ་ནང་ ལོག་ཕེབས་ནུག།

སློབ་སྦྱོང་ལྟེ་བའི་ འཆམ་དང་ཞབས་ཁྲ་རྐྱབ་མི་གཞན་༢༡ དེ་ ནད་འབུབ་ཐོབ་མི་ ཕོ་སྐྱེས་དང་ འབྲེལ་བ་འཐབ་མི་ གཙོ་ཅན་ཨིནམ་ལས་ ད་རུང་ ནད་ཡམས་ཡོད་མེད་ཀྱི་ བརྟག་དཔྱད་འབད་བའི་སྐབས་ ཞབས་ཁྲ་རྐྱབ་མི་ ཨམ་སྲུ་ཅིག་ལུ་ ཀོ་བིཌ་-༡༩ ཡོད་པའི་ གྲུབ་འབྲས་ཐོན་ནུག།

ཁོང་༢ ཆ་ར་ སྨན་ཁག་གཅིག་ནང་ བཞག་ཡོདཔ་ད་ འཐུས་མི་གཞན་ཚུ་ སྤྱི་ཟླ་༣ པའི་ཚེས་༢༨ ལུ་ དམིགས་བསལ་གྱི་ འབྲུག་མཁའ་འགྲུལ་གནམ་གྲུ་ནང་སྦེ་ འབག་འོང་ཡོདཔ་བཞིན་དུ་ ད་རེས་ ཉིན་གྲངས་༢༡ གི་ ཟུར་བཞག་ནང་ ཡོདཔ་ཨིན་པས།

གནས་ཚུལ་བཤད་མི་ཚུ་གིས་ སླབ་མིའི་ནང་ ཀོ་བིཌ་-༡༩ ཐོབ་མི་༢ ཆ་ར་ གནས་སྟངས་ལེགས་ལྡན་ཐོག་ལུ་ ཌ་ཀ་ཤེག་རུ་སེལ་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ གཞུང་གི་མགྱོནམ་སྦེ་ སོང་མི་ལུ་བརྟེན་ བློན་ཆེན་ཡིག་ཚང་དང་ བང་ལ་དེཤ་གི་ ཕྱི་འབྲེལ་ལྷན་ཁག་༢ ཀྱིས་ ཁོང་༢ ཀྱི་ གནས་སྟངས་དེ་ དུས་རྒྱུན་དུ་ ལྟ་རྟོག་འབད་དོ་ཡོདཔ་མ་ཚད་ འབྲུག་གི་གཞུང་ཚབ་ཡིག་ཚང་གིས་ཡང་ ཁོང་༢ ཀྱིས་མ་དོ་བར་ ཁོང་རའི་ ཌོག་ཊར་ཚུ་དང་ འབྲེལ་བ་འཐབ་བཞིན་དུ་ཡོདཔ་ཨིན་པས།

སྡེ་ཚན་གྱི་ འཐུས་མི་ག་ར་ སྤྱི་ཟླ་༣ པའི་ཚེས་༡༩ ལུ་ འབྲུག་ལུ་ ཀོ་བིཌ་-༡༩ འི་བརྟག་དཔྱད་འབད་དེ་ བང་ལ་དེཤ་ལུ་ བཏང་ཡོདཔ་ལས་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་ལྟེ་བའི་འཐུས་མི་༢ བང་ལ་དེཤ་ལུ་ལྷོདཔ་ད་ ནད་འབུབ་ཐོབ་ཡོདཔ་འོང་ནི་ཨིན་པས།

སྡེ་ཚན་དེ་ བང་ལ་དེཤ་ལུ་ ལྷོད་པའི་ཤུལ་ལུ་ བློན་ཆེན་མ་ཕེབས་པའི་ ཉིནམ་༡ གི་ཧེ་མར་ སྤྱི་ཟླ་༣ པའི་ཚེས་༢༢ ལུ་ ནད་འབུབ་ཡོད་མེད་ཀྱི་ བརྟག་དཔྱད་འབད་ཡོདཔ་ད་ དེ་བསྒང་ འཐུས་མི་ག་ལུ་ཡང་ ནད་འབུབ་མེད་པའི་ གྲུབ་འབྲས་ཐོན་ནུག།

ཞབས་ཁྲ་རྐྱབ་མི་ཚུ་ གནས་རིམ་ཨིསི་ཊར་༤ འབད་བའི་ ཟ་ཁང་ཅིག་ནང་ བཞག་ཡོདཔ་ད་ ཁོང་ཆ་ཁྱབ་ བློན་ཆེན་དང་ བློན་ཆེན་གྱི་ ཕྱག་ཞུ་མི་ འཐུས་མི་གཞན་ག་ད་ཡང་ ཕྱད་ཡོད་པའི་ ལོ་རྒྱུས་མིན་འདུག།

བང་ལ་དེཤ་ལུ་ དུས་ཅི་ སྤྱི་ཟླ་༣ པ་ལས་ ཀོ་བིཌ་-༡༩ ཐོབ་མིའི་གྱངས་ཁ་ ཡར་སེང་འགྱོ་ནི་ འགོ་བཙུགས་ཡོདཔ་ད་ སྤྱི་ཟླ་༣ པའི་ཚེས་༣༠ ལུ་ ཉིནམ་༡ ནང་ ནད་ཡམས་ཐོབ་མི་༥,༠༠༠ དེ་ཅིག་ གནས་ཐོ་བཀོད་ཡོདཔ་བཞིན་དུ་ ཁ་ཙ་ཚུན་ཚོད་ བང་ལ་དེཤ་རྒྱལ་ཁབ་ནང་ ནད་འབུབ་ཐོབ་མིའི་གྱངས་ཁ་༦༠༦,༠༠༠ ལྷགཔ་ཅིག་ལུ་ ལྷོད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ན་ཧིང་ ནད་འབུབ་ཐོན་མི་ལས་འགོ་བཙུགས་ འདས་པའི་ཉིན་གྲངས་༢ ཀྱི་རིང་ ནད་འབུབ་ཐོབ་མི་༤༥ ལུ་ ཤི་རྐྱེན་བྱུང་མི་བརྩིས་ཏེ་ བསྡོམས་ཀྱིས་མི་༨,༩༩༤ ལུ་ ཤི་རྐྱེན་བྱུང་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *