བང་ལ་དེཤ་ལས་ རྒྱལ་སྤྱི་གློག་རིག་ཡོངས་འབྲེལ་ ནང་འདྲེན་འཐབ་ནི།

༉ འབྲུག་རྒྱལ་ཁབ་ནང་ རྒྱལ་ཁབ་༣ པ་ བང་ལ་དེཤ་ལས་ རྒྱལ་སྤྱི་གློག་རིག་ཡོངས་འབྲེལ་ ནང་འདྲེན་འཐབ་ནིའི་དོན་ལུ་ རྒྱ་གར་གཞུང་ལས་ ཟད་འགྲོའི་ཚོད་རྩིས་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
ཨིན་རུང་ འཆར་གཞི་༡༢ པའི་ནང་ ལས་སྣ་ལེ་ཤ་ཡོད་མིའི་གྲས་ལས་ བང་ལ་དེཤ་ལས་ གློག་རིག་ནང་འདྲེན་འབད་ནི་དེ་ གཙོ་རིམ་བསྒྲིགས་ཡོདཔ་བཞིན་དུ་ བང་ལ་དེཤ་ ཀོསི་བ་ཟར་ལས་ རྒྱལ་ཁབ་ནང་ གློག་རིག་ནང་འདྲེན་མཐུད་སྦྲེལ་འབད་ནི་ཡང་ སྤྱི་ལོ་༢༠༡༥ ལས་ གྲོས་བསྟུན་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༧ ལུ་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཟླ་རིམ་ཞལ་འཛོམས་ཐེངས་༣༦ པ་ འཚོགས་པའི་སྐབས་ བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ཌི་ཨེན་ཌུང་གེལ་གྱིས་ བཤད་ཅི།
བརྒྱུད་འབྲེལ་བློན་པོ་གིས་ བཤད་མིའི་ནང་ བང་ལ་དེཤ་ལས་ རྒྱལ་སྤྱིའི་གློག་རིག་ ནང་འདྲེན་འབད་ནི་ལུ་ ད་ལྟོ་ གློག་རིག་ལམ་དེ་ ག་ཏེ་ལས་ ནང་འདྲེན་འཐབ་པ་ཅིན་ ཟད་འགྲོ་ལུ་འཇམ་ནིའི་ འོས་འབབ་ཡོད་ག་ ལྷན་ཁག་གི་ འཕྲུལ་རིག་སྡེ་ཚན་གྱིས་ ངོས་འཛིན་འབད་དེ་ཡོད་ཟེར་ཨིན་པས།
རྒྱལ་ཁབ་ནང་ རྒྱལ་སྤྱི་གློག་རིག་སྦྲེལ་མཐུད་ཀྱི་ བརྒྱུད་ལམ་ལེན་ནིའི་དོན་ལུ་ འོས་འབབ་ཚུ་ བལྟ་བའི་སྐབས་ གློག་རིག་གི་བརྒྱུད་ལམ་༦ ངོས་འཛིན་འབད་དེ་ཡོདཔ་ཨིན་པས།
གློག་རིག་གི་ དམིགས་བསལ་བརྒྱུད་ལམ་དེ་ཡང་ བང་ལ་དེཤ་ ཨ་ཁོ་ར་ལས་ འགོ་བཙུགས་ཏེ་ རྒྱ་གར་ ཨ་ག་ཏ་ལ་དང་ གོ་ཧ་ཊི་བརྒྱུད་དེ་ བསམ་གྲུབ་ལྗོངས་མཁར་ལུ་ སྦྲེལ་མཐུད་འབད་འོང་ཟེར་ཨིནམ་ད་ བརྒྱུད་ལམ་དེ་ཡང་ རིན་གོང་དང་ལྡན་མི་ཅིག་ ནང་འདྲེན་འབད་ནི་ལུ་ བང་ལ་དེཤ་དང་ རྒྱ་གར་གཞུང་དང་གཅིག་ཁར་ཡང་ གྲོས་བསྟུན་འབད་དེ་ཡོད་ཟེར་ཨིན་པས།
བློན་པོ་གིས་ གནད་དོན་ཐོག་ལུ་ བང་ལ་དེཤ་དང་ རྒྱ་གར་གཞུང་དང་ གྲོས་བསྟུན་མང་རབས་ཅིག་འབད་བའི་སྐབས་ རྒྱ་གར་དང་ བང་ལ་དེཤ་གིས་ རྒྱབ་སྐྱོར་སྦོམ་སྦེ་ར་ འདུག་ཟེར་ཨིནམ་ད་ ལས་འགུལ་དེ་ནང་ རྒྱལ་ཁབ་༣ འབྲེལ་གཏོགས་འབད་དེ་ཡོདཔ་ལས་ ད་རེས་ རྒྱ་གར་བརྒྱུད་དེ་ བརྒྱུད་ལམ་གྱི་ ཐག་བཅད་གོང་ཚད་དེ་ འཐོབ་ནི་གི་ གནས་ཚད་གུ་ ལྷོད་དེ་ཡོད་ཟེར་ཨིན་པས།
ལྷན་ཁག་གིས་ གློག་རིག་ ཇི་བི་པི་ཨེས་༡༠ དེ་ཅིག་ ནང་འདྲེན་འཐབ་ནི་ འཆར་གཞི་ཡོདཔ་བཞིན་དུ་ འགྲོས་ཀྱིས་སྦེ་ རྒྱལ་ཁབ་ཀྱི་ མཁོ་འདོད་དང་འཁྲིལ་ཏེ་ ཡར་སེང་འབད་ནིའི་ལས་རིམ་ཡོདཔ་བཞིན་དུ་ གཞུང་གིས་ གློག་རིག་བརྒྱུད་ལམ་དེ་ ག་བཟུམ་ནང་འདྲེན་འབད་ནི་ཨིན་ན་མེད་ན་དེ་ གོང་ཚད་དང་འཁྲིལ་ཏེ་ འགྱོ་ནི་ཨིནམ་ལས་ ད་རེས་ སྒུག་སྟེ་ཡོད་ཟེར་ཨིན་པས།
ད་རེས་ རྒྱ་གར་གཞུང་གིས་ ཁོང་རའི་བརྒྱུད་འཕྲིན་གྱི་ཞབས་ཏོག་ལས་སྡེ་ བྷི་ཨེས་ཨེན་ཨེལ་བརྒྱུད་དེ་ བང་ལ་དེཤ་གི་ཀཱོགསི་བ་ཛར་ལས་ བསམ་གྲུབ་ལྗོངས་མཁར་ཚུན་ ཡོངས་འབྲེལ་གྱི་ཞབས་ཏོག་འབག་འོང་པའི་སྐབས་ ཟད་འགྲོ་ག་དེམ་ཅིག་གནས་འོང་ག་ བལྟ་ནི་སྦེ་ཨིན་ཟེར་ཨིན་པས།
ད་ལྟོ་ འཆར་གཞི་༡༡ པ་དང་ གཞུང་གི་གནས་ཡུན་དེ་ མཇུག་བསྡུ་ནི་གུ་ ལྷོད་དེ་ཡོདཔ་ལས་ ཟླཝ་༢ དང་༣ གྱི་ནང་འཁོད་ལུ་ བརྒྱུད་ལམ་ནང་འདྲེན་འབད་མི་ཚུགས་ནི་ཨིན་རུང་ གྲོས་བསྟུན་འབད་ཚར་ཡོདཔ་ལས་ འཆར་གཞི་༡༢ པའི་ནང་ གློག་རིག་གི་ སྦྲེལ་མཐུད་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *