བཀྲིས་སྒང་ལུ་ སྤྱང་ཁྱི་༢,༨༡༡ ཐོ་བཀོད་འབད་ས་ལས་༡,༨༨༨ གཤག་བཅོས་མ་འབད་བར་ཡོདཔ།

༉ བཀྲིས་སྒང་རྫོང་ཁག་ནང་ སྤྱང་ཁྱི་དང་ ཇོ་བདག་ཡོད་མི་རོ་ཁྱི་བསྡོམས་༤,༦༤༡ ཡོད་པའི་ནང་ལས་ སྤྱང་ཁྱི་༡,༨༣༠ འདུག་ཟེར་ བཀང་ལུང་ལུ་ཡོད་པའི་ ལུང་ཕྱོགས་སྒོ་ནོར་འཕྲོད་བསྟེན་སྨན་ཁང་གིས་ རོ་ཁྱིའི་གྱངས་ཁ་ མར་ཕབ་རྐྱབ་ནིའི་དོན་ལུ་ བརྟག་ཞིབ་འབད་བའི་སྙན་ཞུ་ནང་ གསལ་བཀོད་འབད་ནུག།

དེ་ཡང་ སྒོ་ནོར་འཕྲོད་བསྟེན་འགོ་དཔོན་གོངམ་ ཌོག་ཊར་ ཀརྨ་དབང་མོ་གིས་འབད་བ་ཅིན་ ཇོ་བདག་ཡོད་མི་ རོ་ཁྱི་༡,༢༠༤ དང་ སྤྱང་ཁྱི་༡,༨༨༨ དེ་ཅིག་ གཤག་བཅོས་མ་འབད་བར་འདུག་ཟེར་ཨིན་པས།

གནད་དོན་དེ་ ཁ་ཙ་ བཀྲིས་སྒང་རྫོང་ཁག་ནང་ རྒྱལ་ཡོངས་ཕྱགས་སྙིགས་འཛིན་སྐྱོང་དང་ སྤྱང་ཁྱིའི་གྱངས་ཁ་ མར་ཕབ་རྐྱབ་ནིའི་ ལས་རིམ་འགོ་འདྲེན་འཐབ་མི་ འགོ་དཔོན་དང་ ས་གནས་གཞུང་གི་འགོ་ཁྲིདཔ་ དེ་ལས་ འབྲེལ་ཡོད་འགོ་དཔོན་ཚུ་གི་བར་ན་ གྲོས་བསྟུན་ཞལ་འཛོམས་འཚོགས་པའི་སྐབས་ གསལ་སྟོན་འབད་ཡི།

སྒོ་ནོར་འཕྲོད་བསྟེན་འགོ་དཔོན་གོངམ་ ཌོག་ཊར་ ཀརྨ་དབང་མོ་གིས་ སླབ་མིའི་ནང་ སྤྱང་ཁྱི་དང་ ཇོ་བདག་ཡོད་མི་ རོ་ཁྱི་མང་ཤོས་ར་ བཀང་ལུང་ལུ་༦༣༡ དང་ དེའི་ཤུལ་ལས་ར་ བསམ་མཁར་རྒེད་འོག་ནང་༥༤༠ དེ་ལས་ ཉུང་ཤོས་ར་ སྦིས་གདུང་རྒེད་འོག་ནང་༩༢ འདུག་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༧ ལུ་ འཆོལ་ནད་ལུ་བརྟེན་ བཀང་ལུང་རྒེད་འོག་ནང་ སློབ་ཕྲུག་བུམོ་ཅིག་ ཤི་སོ་པའི་ ལོ་རྒྱུས་འདུག་ཟེར་ཨིན་པས།

སྙན་ཞུ་དང་འཁྲིལ་བ་ཅིན་ སྤྱང་ཁྱི་མང་ཤོས་ར་ ཁྲོམ་གྱི་ཉེ་འདབས་དང་ མཐོ་རིམ་སློབ་གྲྭ་དང་ སློབ་གྲྭ་གཞན་ དེ་ལས་ སྦྱོང་བརྡར་སྤེལ་ཁང་གི་ ཉེ་འདབས་ལུ་ འདུག་ཟེར་ཨིནམ་ད་ ཇོ་བདག་ཡོད་མི་ རོ་ཁྱི་༡,༢༠༤ ཡོད་ས་ལས་ བརྒྱ་༡༤.༣ རྐྱངམ་གཅིག་ འཕྲོད་བསྟེན་ལྟེ་བའི་ནང་ ཐོ་བཀོད་འབད་ནུག་ཟེར་ཨིན་པས།

རྒྱལ་ཡོངས་སྒོ་ནོར་ལྟེ་བའི་ ལས་རིམ་མདོ་ཆེན་ ཨར་བི་གུ་རུང་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཕྱགས་སྙིགས་འཛིན་སྐྱོང་དང་ སྤྱང་ཁྱི་མར་ཕབ་ལས་རིམ་གྱི་ དམིགས་གཏང་ངོ་མ་ར་ རྒྱལ་ཁབ་ནང་ རོ་ཁྱིའི་གྱངས་ཁ་ བརྒྱ་ཆ་༩༥ མར་ཕབ་རྐྱབ་ནི་དང་ སྤྱང་ཁྱི་གསོ་ནིའི་ སྤྲོ་བ་བསྐྱེད་བཅུག་ཐབས་ལུ་ ཨིན་ཟེར་ཨིན་པས།

སྤྱང་ཁྱིའི་གྱངས་ཁ་ མར་ཕབ་རྐྱབ་སྟེ་ འཛིན་སྐྱོང་འཐབ་ཚུགས་པའི་ གནས་ཚད་ཁར་བཟོ་ནི་དང་ སྤྱི་ལོ་༢༠༣༠ ལུ་ མི་ལུ་འཆོལ་ནད་ རྩ་མེད་གཏང་ནི་དེ་ཡང་ དམིགས་གཏད་ཅིག་ཨིན་ཟེར་ ལས་རིམ་མདོ་ཆེན་ ཨར་བི་གུ་རུང་གིས་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མོ་ཁྱི་ཚུ་གིས་ ལོ་༡ ནང་ ཕྱུག་གུ་ཚར་༢ འཚའ་འོང་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ གཤག་བཅོས་མ་འབད་བར་བཞག་པ་ཅིན་ ལོ་༣ ནང་ རོ་ཁྱི་༥༡༢ དེ་ཅིག་ འཕྱེལ་འགྱོ་ནི་ཨིནམ་ལས་ དུས་དང་དུས་སུ་ གཤག་བཅོས་འབད་དགོཔ་ཁག་ཆེ་ཟེར་ཨིན་པས།

བཀང་ལུང་རྒཔོ་ ཀུན་བཟང་རྡོ་རྗེ་གིས་འབད་བ་ཅིན་ གཞུང་གིས་ རོ་ཁྱི་བརྒྱ་ཆ་ལས་༡༠༠ མར་ཕབ་རྐྱབ་ནིའི་ དམིགས་གཏད་བསྐྱེད་མི་དང་བསྟུན་ ས་གནས་གཞུང་གི་འགོ་དཔོན་དང་ རྫོང་ཁག་ནང་གི་ འབྲེལ་ཡོད་ལས་སྡེ་ཚུ་གིས་ རྒྱབ་སྐྱོར་འབད་དགོཔ་ཁག་ཆེ་ཟེར་ཨིན་པས།

ལས་རིམ་དེའི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ ཝི་ཅེཊ་ཐོག་ལས་ མི་མང་ལུ་ བརྡ་དོན་སྤེལ་འོང་ཟེར་ཨིནམ་ད་ ལས་རིམ་དེ་ འགོ་བཙུགསཔ་ད་ མི་མང་གིས་འབད་རུང་ རྒྱབ་སྐྱོར་འབད་དགོཔ་སྦེ་ སླབ་འོང་ཟེར་ རྒཔོ་གིས་སླབ་ཨིན་པས།

ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་འབད་བ་ཅིན་ ལོ་བསྟར་བཞིན་དུ་ སྤྱང་ཁྱི་གཤག་བཅོས་འབད་ནི་ལུ་ རྒྱབ་སྐྱོར་འབདཝ་མ་ཚད་ མ་དངུལ་ཡང་ བགོ་བཀྲམ་འབད་དོ་ཟེར་ཨིན་པས།

བཀྲིས་སྒང་རྫོང་ཁག་ནང་ སྤྱང་ཁྱིའི་གྱངས་ཁ་ མར་ཕབ་རྐྱབ་ནི་དང་ འཛིན་སྐྱོང་འཐབ་ནིའི་སྐོར་ལས་ གྲོས་བསྡུར་འབད་བའི་མཐའ་མར་ རྒྱལ་ཡོངས་ཕྱགས་སྙིགས་འཛིན་སྐྱོང་དང་ སྤྱང་ཁྱིའི་གྱངས་ཁ་ མར་ཕབ་ལས་རིམ་དེ་ མཐར་འཁྱོལ་ཅན་སྦེ་ འབྱུང་ཐབས་ལུ་ ས་གནས་གཞུང་གི་འགོ་ཁྲིདཔ་དང་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ཁས་ལེན་མ་འདྲཝ་༧ ལུ་ ངོས་ལེན་འབད་ཡི།

ཁས་ལེན་ཚུ་ཡང་ ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ སྤྱང་ཁྱི་བཟུང་ནིའི་རྒྱབ་སྐྱོར་དང་ གོ་བརྡ་སྤེལ་ནི་ དེ་ལས་ རོ་ཁྱི་ཐོ་བཀོད་འབད་ནི་དང་ གསོ་སྐྱོང་འབད་ནི་ཚུ་ཨིནམ་ད་ བཀྲིས་སྒང་རྫོང་ཁག་ནང་ སྤྱང་ཁྱི་༢,༨༡༡ གཤག་བཅོས་འབད་ནི་དང་ ཇོ་བདག་ཡོད་པའི་རོ་ཁྱི་ ཐོ་བཀོད་འབད་ནི་ཚུ་ཨིན་པས།

འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ སྤྱི་ལོ་༡༩༧༠ དང་༡༩༨༠ གྲངས་ལུ་ གཞུང་གིས་ སྤྱང་ཁྱིའི་གྱངས་ཁ་ མར་ཕབ་འབད་ཐབས་ལུ་ ཀྲོབ་མདའ་རྐྱབ་སྟེ་ གསད་ནི་དང་ ཡང་ཅིན་ དུག་བྱིན་ཐོག་ལས་ མར་ཕབ་འབད་ནུག་ཟེར་ཨིནམ་ད་ ཐབས་ལམ་དེ་ཡང་ མཐར་འཁྱོལ་ཅན་སྦེ་ འབྱུང་མ་ཚུགས་པས་ཟེར་ཨིན་པས།

སྤྱི་ལོ་༡༩༩༠ དང་༢༠༠༠ ལུ་ རོ་ཁྱི་ཚུ་ ཁྲོམ་ཁ་ལས་ མཐའ་ཟུར་གྱི་ས་གནས་ཚུ་ནང་ བསྐྱལ་ནིའི་ཐབས་ལམ་བཏོན་རུང་ དེ་ཡང་ མཐར་འཁྱོལ་འབྱུང་མ་ཚུགས་པས་ཟེར་ཨིན་པས།

ད་ལྟོ་ ཚན་རིག་གི་ཐབས་ལམ་ཐོག་ལས་ གཤག་བཅོས་འབད་ནི་ཨིན་མི་དེ་ལུ་ མི་སྡེའི་ཁ་ཐུག་ལས་ ངོས་ལེན་ཡོདཔ་མ་ཚད་ ཐབས་ལམ་དྲག་ཤོས་ཅིག་ཨིན་ཟེར་ ལས་རིམ་མདོ་ཆེན་ ཨར་བི་གུ་རུང་གིས་ བཤདཔ་ཨིན་པས།

རྒྱལ་ཡོངས་ཕྱགས་སྙིགས་འཛིན་སྐྱོང་དང་ སྤྱང་ཁྱིའི་གྱངས་ཁ་ མར་ཕབ་ལས་རིམ་དེ་ འཕྲལ་མགྱོགས་ར་ བཀྲིས་སྒང་རྫོང་ཁག་ནང་ འགོ་བཙུགས་ནི་ཨིནམ་ད་ རྫོང་ཁག་དང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གི་ཁ་ཐུག་ལས་ རྒྱབ་སྐྱོར་ཧྲིལ་བུམ་ཡོད་ལུགས་ཚུ་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *