ཚོང་སྒྱུར་འཐབ་ནིའི་དོན་ལུ་བཞག་མི་ ཀེ་བའི་དོ་ཚུ།

བཀྲིས་སྒང་ལུ་ ལོ་བསྟར་བཞིན་དུ་ ཀེ་བའི་ཐོན་སྐྱེད་ མར་འབབ་འགྱོ་དོ་ཡོདཔ།

༉ འདས་པའི་ལོ་ཚུ་ནང་ ཀེ་བའི་གོང་ཚད་ ལེགས་ཤོམ་ཐོབ་ནི་དེ་གིས་ བཀྲིས་སྒང་རྫོང་ཁག་གི་ མི་སེར་སོ་ནམ་པ་ཚུ་གིས་ ཀེ་བ་འཛུགས་སྐྱོང་འབད་ནིའི་ སེམས་ཤུགས་བསྐྱེད་ཡོད་རུང་ དུས་ཅི་ ཀེ་བའི་ཐོན་སྐྱེད་ གངམ་མེདཔ་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༡༧ དང་༢༠༡༨ ལུ་ ཀེ་བ་མེ་ཊིག་ཊཱོན་༡༣,༧༢༩ ཐོན་སྐྱེད་འབད་ས་ལས་ དུས་ཅི་ མེ་ཊིག་ཊཱོན་༡༢,༤༢༡.༦༥ འབདཝ་ད་ ཐོན་སྐྱེད་མེ་ཊིག་ཊཱོན་༡,༣༠༨.༠༣ དེ་ཅིག་ མར་བབས་སོང་ཡོདཔ་ཨིན་པས།

རྫོང་ཁག་སོ་ནམ་ལས་སྡེའི་ ཐོ་བཀོད་དང་འཁྲིལ་བ་ཅིན་ རྒེད་འོག་ལ་ལོ་ཅིག་ནང་ ཐོན་སྐྱེད་ཀྱི་གནས་ཚད་དེ་ འགྱུར་ལྡོག་མེད་པའི་ཁར་ བྱང་ཁ་ཐུག་ཡོད་པའི་ རྒེད་འོག་ཚུ་ནང་ ཐོན་སྐྱེད་མར་བབས་སོང་ཡོདཔ་ད་ ལྷོ་ཕྱོགས་རྒེད་འོག་ནང་འབད་བ་ཅིན་ ཡར་སེང་སོང་ཡོད་པའི་ ཐོ་བཀོད་འབད་དེ་འདུག།

དཔྱེ་འབད་བ་ཅིན་ རྐང་པ་ར་རྒེད་འོག་ནང་ སྤྱི་ལོ་༢༠༡༨ ལུ་ ཀེ་བ་མེ་ཊིག་ཊཱོན་༨༨༨.༧༨ ཐོན་སྐྱེད་འབད་མི་ལས་ དུས་ཅི་ མེ་ཊིག་ཊཱོན་༩༣༤.༥༤ ལུ་ ཡར་སེང་སོང་ཡོདཔ་ད་ བྱང་ཁ་ཐུག་ཚུད་མི་ ཤོང་ཕུག་རྒེད་འོག་ལུ་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ ཀེ་བ་མེ་ཊིག་ཊཱོན་༥༢༣ ལས་ དུས་ཅི་ མེ་ཊིག་ཊཱོན་༡༩༩ ལུ་ མར་བབས་སོང་ཡོདཔ་ཨིན་པས།

ཀེ་བ་དེ་ བཀྲིས་སྒང་རྫོང་ཁག་གི་ རྒེད་འོག་མང་ཤོས་ནང་ དངུལ་ཐོག་གཙོ་ཅན་ཅིག་ཨིནམ་ད་ འདས་པའི་ལོ་དག་པ་ཅིག་ལས་ཚུར་ མེ་རག་དང་ སག་སྟེང་རྒེད་འོག་གི་ མི་སེར་ཚུ་གིས་ཡང་ ཀེ་བ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

རྫོང་ཁག་སོ་ནམ་འགོ་དཔོན་ལས་རོགསཔ་ སུ་རཱཤ་ གུ་རུང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཀེ་བ་བཙུགས་པའི་དུས་ཚོད་ལུ་ ཆརཔ་མེད་པའི་དཀའ་ངལ་དང་ རི་དྭགས་སེམས་ཅན་ དེ་ལས་ འབུབ་གིས་ཟ་མི་ལུ་བརྟེན་ མར་བབས་སོང་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ དུས་ཅི་ ཀེ་བའི་ཐོན་སྐྱེད་མར་བབས་སོང་མི་དེ་ དུས་ཅི་ གཡང་གཉེར་རྒེད་འོག་ནང་ སེརཝ་རྐྱབ་མི་དང་ ན་ཧིང་ ཀེ་བའི་ལཱ་འབད་མི་ཚུ་གིས་ དུས་ཅི་ ཀེ་བ་འཛུགས་སྐྱོང་མ་འབད་མི་ལུ་བརྟེན་ ཐོན་སྐྱེད་མར་བབས་སོང་ཡོདཔ་ འོང་ནི་མས་ཟེར་ཨིན་པས།

ཨིན་རུང་ མཁའ་གླིང་རྒེད་འོག་ནང་ ཀེ་བ་འཛུགས་སྐྱོང་འབད་མི་དེ་ འགྱུར་ལྡོག་མེད་རུང་ རྒེད་འོག་ནང་ ཀེ་བའི་ཐོན་སྐྱེད་མར་བབས་སོང་མི་དེ་ ལོག་སྟེ་ར་ ཀེ་བའི་སོན་ ལག་ལེན་འཐབ་མི་ལུ་བརྟེན་ ཐོན་སྐྱེད་ལུ་གནོད་པ་རྐྱབ་ནུག་ཟེར་ སོ་ནམ་རྒྱ་སྐྱེད་འགོ་དཔོན་ པདྨ་དབང་ཕྱུག་གིས་ བཤད་པའི་ཁར་ སོན་ཡུན་རིངམོ་སྦེ་ ལག་ལེན་འཐབ་པ་ཅིན་ ཐོན་སྐྱེད་ལུ་ གནོདཔ་མས་ཟེར་ཨིན་པས།

སོ་ནམ་རྒྱ་སྐྱེད་འགོ་དཔོན་ ལ་ལོ་ཅིག་གིས་ སླབ་མིའི་ནང་ དུས་ཚོད་ཁར་ ཆརཔ་མ་རྐྱབ་མི་དང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་རྐྱབ་ནི་དེ་གིས་ ཐོན་ཤུགས་ལུ་ གནོད་པ་རྐྱབ་ཡོདཔ་མ་ཚད་ ནང་འདྲེན་འབད་མི་ལུད་ མང་སུ་སྦེ་ ལག་ལེན་འཐབ་མི་དེ་གིས་ཡང་ ས་བཅུད་མེདཔ་བཏང་སྟེ་ ཐོན་ཤུགས་ལུ་ གནོད་པ་རྐྱབ་ནུག་ཟེར་ཨིན་པས།

ཨིན་རུང་ རྒེད་འོག་ག་རའི་ནང་ ཐོན་སྐྱེད་ཀྱི་གནས་ཚད་དེ་ ཅོག་མི་འཐད་དོ་ཡོདཔ་ད་ རྐང་པ་ར་རྒེད་འོག་གི་སོ་ནམ་རྒྱ་སྐྱེད་འགོ་དཔོན་ པདྨ་རྡོ་རྗེ་ མོག་ཏཱན་གྱིས་འབད་བ་ཅིན་ རྐང་པ་ར་ལུ་ ཀེ་བའི་གོང་ཚད་ལེགས་ཤོམ་ཐོབ་མི་དང་ འཁོར་ལམ་མཐུད་འབྲེལ་ཡོདཔ་ལས་ ཀེ་བ་འཛུགས་སྐྱོང་འབད་མི་ ཡར་སེང་སོང་སྟེ་ཡོད་ཟེར་ཨིན་པས།

ཐོན་སྐྱེད་ཀྱི་གནས་ཚད་དེ་ ཡར་མར་སོང་ཡོད་རུང་ ན་ཧིང་དང་ཕྱདཔ་ད་ འཁོར་ལམ་ལྷོད་ནི་དེ་གིས་ ཀེ་བ་འཛུགས་སྐྱོང་འབད་མི་ ལེ་ཤ་ཐོན་ཏེ་ཡོད་ཟེར་ཨིན་པས།

ཀེ་བ་ཉོ་མི་ཚུ་གིས་ ཁྱིམ་གྱི་སྒོ་ཁར་ཚུན་ འོང་དོ་ཡོདཔ་ལས་ ཧེ་མ་དང་ཕྱདཔ་ད་ ཀེ་བ་འཛུགས་སྐྱོང་འབད་མི་ ཡར་སེང་སོང་སྟེ་ཡོད་ཟེར་ རྐང་པ་ར་རྒཔོ་ སངས་རྒྱས་དབང་འདུས་ཀྱིས་ བཤད་པའི་ཁར་ ཀེ་བ་ལུ་བརྟེན་ འོང་འབབ་བཟོ་ཚུགས་ཏེ་འདུག་ཟེར་ཨིན་པས།

བཀྲིས་སྒང་ལུ་ ཀེ་བ་ཐོན་སྐྱེད་ མར་བབས་སོང་ཡོད་རུང་ དུས་ཅི་ བར་མཚམས་རྒེད་འོག་གིས་ ཀེ་བ་མེ་ཊིག་ཊཱོན་༡༨༢༡.༤༨ ཐོན་སྐྱེད་འབད་ཡོདཔ་ད་ དེའི་ཤུལ་ལས་ར་ མཁའ་གླིང་དང་ ཨུ་མཛོ་རོང་རྒེད་འོག་གིས་ ཐོན་སྐྱེད་མངམ་འབད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *