བཀྲིས་སྒང་ལུ་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ།

༉ བཀྲིས་སྒང་ རྫོང་ཁག་ཀོ་བིཌ་ལས་བྱེད་ཚོགས་ཆུང་གིས་ སྤྱི་ཟླ་༥ པའི་ཚེས་༢༢ ལས་༢༤ ཚུན་ ཉིན་གྲངས་༣ གྱི་རིང་ རྫོང་ཁག་ནང་འཁོད་ལུ་ འགྲོ་འགྲུལ་བཀག་དམ་འབད་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།

དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་གིས་ རྫོང་ཁག་ནང་ ནད་ཡམས་ཀྱི་བརྟག་དཔྱད་འཕྲོ་མཐུད་འབད་ནི་དང་ ཞིབ་དཔྱད་ཚུ་འབད་ནིའི་དོན་ལུ་ཨིན་པས།

མེ་རག་དང་ སག་སྟེང་རྒེད་འོག་གཉིས་ནང་གི་ སློབ་གྲྭ་དང་ གཙུག་སྡེ་ཚུ་ གསལ་བསྒྲགས་མ་འབད་ཚུན་ སྒོ་བསྡམས་བཞག་ནི་ཨིན་པས།

རྒེད་འོག་གཉིས་དང་ ཁྲོམ་སྡེ་ནང་འཁོད་ལུ་ མི་དང་སྣུམ་འཁོར་གྱི་རྒྱུན་འགྲུལ་ཚུ་ དམ་དམ་སྦེ་ བཀག་འཛིན་འབད་བཞག་ནི་ཨིན་རུང་ རྒེད་འོག་༡༣ ནང་འཁོད་ལུ་ རྒྱུན་འགྲུལ་ཚུ་འབད་ཆོག་ནི་ཨིནམ་མ་ཚད་ ཟ་ཁང་ཚུ་ནང་ ཚོང་མགྲོན་པའི་ཤོང་ཚད་ བརྒྱ་ཆ་༥༠ ལག་ལེན་འཐབ་ཆོག་ནི་ཨིན་པས།  

 བཀྲིས་སྒང་དང་ རང་བྱུང་ཁྲོམ་ཁར་ ཉིན་གྲངས་༣ གྱི་རིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཡོད་མེད་ བརྟག་དཔྱད་འབད་བའི་སྐབས་ ནད་རྟགས་མ་ཐོནམ་ཨིན་པས།

དེ་ཡང་ འབྲེལ་བ་འཐབ་མི་༡༥༡ ལུ་ བརྟག་དཔྱད་འབད་བའི་སྐབས་ ནད་འབུབ་ཐོབ་མི་ གཅིག་ཡང་མ་ཐོནམ་ཨིན་པས། 

བཀྲིས་སྒང་ཁྲོམ་ཁར་ ཨ་རྟག་བཟུམ་སྦེ་ མི་ཕར་ཚུར་ འགྲོ་འགྲུལ་འབད་མི་དེ་ཅིག་ར་ མེད་པའི་ཁར་ ཁྲོམ་དེ་ མི་ཐིར་གྲང་རོང་ཆུའི་སྐད་མ་གཏོགས་ མི་སྐད་ཁྱི་སྐད་ག་ནི་ཡང་མེད་པར་ ཁུ་སིམ་སི་སྦེ་ སྡོད་པའི་མཐའ་མར་ ཕྱི་རུ་ཁམས་ཅིག་ཁར་ ད་རུང་ འགྲོ་འགྲུལ་བཀག་དམ་འབད་ནི་མས་ཟེར་ འཐོར་གཏམ་གོ་བའི་ཤུལ་ལུ་ མི་ཚུ་ ཁྲོམ་ཁའི་ཚོང་ཁང་ཚུ་ནང་ ཉེར་མཁོ་ཅ་ཆས་ཚུ་ ག་ཐོབ་སྦེ་ ཉོ་ཚོང་རྐྱབ་སར་ མཐོང་གསལ་བྱུང་ཡི།

ཁྲོམ་ཁར་སྡོད་མི་ཚུ་གིས་ འབད་བ་ཅིན་ ནད་ཡམས་ལུ་ འདྲོག་བྱེལ་འཐབ་མི་ལུ་བརྟེན་ ཁྲོམ་ཁར་མི་གངམ་ཐོན་སར་ མི་མཐོང་པས་ཟེར་ཨིན་པས།

མེ་རག་ལུ་ ནད་ཡམས་ཐོབ་མི་ ཡར་སེང་འགྱོ་དོ་ཡོདཔ་ལས་ འགྲོ་འགྲུལ་བཀག་དམ་ལུ་ མི་སེར་གྱིས་ ངོས་ལེན་འབད་དགོཔ་འོང་ཟེར་ སོ་ནམ་པ་ཅིག་གིས་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ བཀྲིས་སྒང་དེ་ གནས་སྟངས་ཚབས་ཆེན་ནང་ཡོདཔ་ལས་ རང་སྲུང་འབད་དེ་སྡོད་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།

ཁྲོམ་ཁར་འགྱོ་ལྟ་བའི་སྐབས་ སྲུང་རྒྱབ་ཡང་ སྒྲིང་སྒྲི་བཙུགས་ཡོདཔ་བཞིན་དུ་ ཁྲོམ་ཁར་མི་རེ་གཉིས་འོང་མི་ཚུ་ཡང་ བར་ན་ས་སྟོང་བཞག་ནི་དང་ ལགཔ་ཆུ་འཁྱུ་བཅུགཔ་ཨིན་པས།

ཟ་ཁང་བཙུགས་སྡོད་མི་ བསྟན་འཛིན་མགོན་པོ་གིས་ མེ་རག་རྒེད་འོག་ལས་ ནད་ཡམས་ཐོན་ནུག་ཟེར་ ལོ་རྒྱུས་གོ་བའི་ཤུལ་ལུ་ འདྲོག་བྱེལ་འཐབ་ཅི་ཟེར་ བཤད་པའི་ཁར་ ཧེ་མའི་གནས་སྟངས་དང་ ད་རེས་ནངས་པའི་གནས་སྟངས་ སོ་སོ་ཨིནམ་ལས་ ག་དེ་དྲག་དྲག་ དྲནམ་བཏོན་དགོཔ་འདུག་ཟེར་ བཤདཔ་ཨིན་པས།

ཚོང་པ་ཅིག་གིས་ སླབ་མིའི་ནང་ ནད་ཡམས་དེ་ སྦོ་ལོགས་ཁར་ ལྷོད་ཡོདཔ་ལས་ ཁྱིམ་ནང་སྡོད་དགོཔ་ཨིན་རུང་ བྱ་ཐབས་མེད་པར་ ཚོང་སྒོ་ཕྱི་ཡི་ཟེར་ཨིན་པས།

མོ་རའི་ཁ་ཐུག་ལས་ ཚོང་མགྲོན་པ་ཚུ་ལུ་ ག་དེ་དྲག་དྲག་ གསོ་བའི་སྒྲིག་གཞི་ལུ་ གནས་དགོ་པའི་སྐོར་ལས་ སླབ་དོ་ཟེར་ཨིནམ་ད་ མོ་ཕྱི་ཁར་འགྱོ་རུང་ རང་ལུ་ནད་གཞི་ཡོད་པ་ཅིན་ གཞན་ལུ་ མི་སྤེལ་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ པདྨ་གིས་ བཤདཔ་ཨིན་པས།

མོ་གིས་འབད་བ་ཅིན་ གཞུང་གིས་ ནད་ཡམས་ཚད་འཛིན་འབད་ནིའི་དོན་ལུ་ ཕྱག་ལཱ་ལེ་ཤ་མཛད་དོ་ཡོདཔ་ལས་ མི་སེར་ཚུ་གིས་འབད་རུང་ རྒྱབ་སྐྱོར་འབད་དགོཔ་འདུག་ཟེར་ཨིན་པས།

སྒེར་སྡེ་ནང་ ལཱ་འབད་མི་ཅིག་གིས་འབད་བ་ཅིན་ མེ་རག་ལུ་ ནད་ཡམས་དར་ཁྱབ་སོང་ཡོདཔ་ལས་ གནས་སྟངས་ཨ་རྟག་ཧ་ལུགས་ལུ་ ལྷོད་ནི་དེ་ ལཱ་ཁག་གཏང་ནི་མས་ཟེར་བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ནད་ཡམས་ཀྱི་ གནས་སྟངས་དེ་ ཧ་གོ་མི་ཚུགསཔ་ལས་ གཟབ་གཟབ་འབད་དགོ་པའི་ དུས་ཚོད་ཁར་ལྷོད་དེ་འདུག་ཟེར་ཨིན་པས། 

ཁ་ཙ་ མེ་རག་རྒེད་འོག་གི་གཡུས་ཚན་ ཁ་ཤི་སྟེང་ལུ་ ནད་ཡམས་ཐོབ་མི་༨ བདའ་ཟུན་པའི་ཤུལ་ལུ་ མེ་རག་རྒེད་འོག་ནང་ ཀོ་བིཌ་-༡༩ ཐོབ་མི་བསྡོམས་༡༣ ལུ་ ལྷོད་ཡོད་པའི་གནས་ཚུལ། 

གནས་བརྟན་རྡོ་རྗེ། བཀྲིས་སྒང་། 

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *