མདའ་རྩེཔ་ཅིག་གིས་ ཚ་གཏད་པའི་བསྒང་།

བཀྲིས་སྒང་ལུ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལུ་ རྩེད་འགྲན་འགོ་འདྲེན་འཐབ་དོ་ཡོདཔ།

༉ བཀྲིས་སྒང་ལུ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་པའི་ ཕྱི་རྒྱལ་མདའ་གཞུའི་རྩེད་འགྲན་དེ་ རྫོང་ཁག་ནང་ ལཱ་འབད་མི་ལས་བྱེད་ཚུ་གི་བར་ནང་ རྩེད་འགྲན་འབད་དོ་ཡོདཔ་ཨིན།
རྩེད་འགྲན་དེ་ཡང་  མི་སེར་ཚུ་ ཕན་ཚུན་མཉམ་འབྲེལ་བཞག་ཐབས་དང་ མཐུན་ལམ་བཞག་ནིའི་དོན་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
མདའ་རྩེད་འགོ་འདྲེན་འཐབ་མི་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ རྩེད་འགྲན་དེ་གིས་ རྫོང་ཁག་ནང་འཁོད་ལུ་ ལཱ་འབད་མི་ ལས་བྱེདཔ་ཚུ་གི་བར་ན་ ངོ་ཤེསཔ་བཟོ་ཚུགས་ནི་དང་ སྤྲོ་བ་བསྐྱེད་བཅུག་ཐབས་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དུས་ཅི་ རྩེད་འགྲན་ནང་ བཅའ་མར་གཏོགས་མི་ སྡེ་ཚན་༡༠ མ་གཏོགས་མེད་མི་དེ་ཡང་ ལ་ལོ་ཅིག་ རང་སོའི་ལཱ་གིས་ སྟབས་མ་བདེཝ་ཐོན་ཡོདཔ་ལས་ བཅའ་མར་གཏོགས་མ་ཚུགས་པས་ཟེར་ཨིན་པས།
རྩེད་འགྲན་དེ་ནང་ བཀྲིས་སྒང་རྫོང་ཁག་ནང་འཁོད་ཀྱི་ ལཱ་འབད་མིའི་ ལས་སྡེ་ཚུ་གིས་རྐྱངམ་གཅིག་ བཅའ་མར་གཏོགས་ཆོག་ནི་ཨིནམ་ད་ ལོ་བསྟར་བཞིན་དུ་ རྩེད་འགྲན་ནང་བཅའ་མར་གཏོགས་མིའི་གྱངས་ཁ་ ཡར་སེང་འགྱོཝ་མས་ཟེར་ཨིན་པས།
སྡེ་ཚན་རེ་ལས་ འཛུལ་འཐུས་དངུལ་ཀྲམ་༡༥,༠༠༠ རེ་བསྡུ་ལེན་འབད་མི་གིས་ མདའ་རྩེདཔ་རེ་ལུ་ འཐུས་དངུལ་ཀྲམ་༣,༠༠༠ གི་ རྩིས་ཨིན་པས།
རྩེད་འགྲན་ནང་ སྐུགས་རྩིས་ཐངས་དེ་ཡང་ ལ་ཡ་རྩེད་འགྲན་གྱི་ ལམ་ལུགས་བཟུམ་སྦེ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ སྒོར་ཐིག་སེརཔོ་གུ་ཕོག་མི་ལུ་ སྐུགས་༥ དང་ དམརཔོ་ལུ་༤ ཧོནམ་ལུ་༣ གནགཔོ་ལུ་༢ དེ་ལས་ སྤྱི་བཏང་འབའ་དཀར་རྐྱང་གུ་ཕོག་མི་ལུ་ སྐུགས་༡ སྦེ་ རྩིས་དོ་ཡོདཔ་ཨིན་པས།
རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་མི་ཚུ་ལུ་ ཨང་དང་པ་འཐོན་མི་སྡེ་ཚན་ལུ་ ཁྱེགས་སྒྲོམ་རེ་དང་ ཨང་༢ པ་ལུ་ གོ་ལ་འཁྱུ་ནིའི་འཕྲུལ་ཆས་རེ་ཡོད་ཟེར་ འགོ་དཔོན་གཅིག་གིས་ བཤདཔ་ཨིན་པས།
རྩེད་འགྲན་ལུ་ སྤྲོ་བ་དག་ དང་འདོད་བསྐྱེད་ཐབས་ལུ་ མདའ་རྩེད་ཐང་དེ་ ལེགས་བཅོས་འབད་དགོཔ་འདུག་ཟེར་ བཤད་པའི་ཁར་ མི་ལུ་ཉེན་སྲུང་དང་ ཉིནམ་དང་ ཆརཔ་ནང་སྡོད་མ་དགོ་པའི་ མཐུན་རྐྱེན་ཚུ་ཡང་ རྫོང་ཁག་རྩེད་རིགས་ཚོགས་པ་གིས་ བཙུགས་དགོཔ་འདུག་ཟེར་ཨིན་པས།
ལྟདམོ་བལྟ་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཀྲིས་སྒང་ལུ་ ཕྱིའི་མདའ་གཞུ་དེ་ ཡོངས་གྲགས་ཐོན་ཡོདཔ་ལས་ རང་ལུགས་ཀྱི་མདའ་རྩེད་ནང་བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་བརྒལ་མིན་འདུག་ཟེར་ཨིན་པས།
འགོ་འདྲེན་པ་གིས་ ཕྱིའི་མདའ་གཞུའི་རྩེད་འགྲན་དེ་ མཇུག་བསྡུ་ཞིནམ་ལས་ རང་ལུགས་ཀྱི་མདའ་རྩེད་ འགྲན་བསྡུར་འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
རྩེད་འགྲན་དེ་ སྤྱི་ཟླ་༡༠ པའི་ཚེས་༥ ལས་འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༡༠ པའི་ཚེས་༡༣ ལུ་ མཐའ་བཅད་རྩེད་འགྲན་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *