ཁྲིམས་ཤིང་རྒེད་འོག་ནང་ ཁྱིམ་གུང་༥༦ དེ་ཅིག་གི་ ལོ་ཐོག་གེ་ཟ་ཚུ་ལུ་ གནོད་སྐྱོན་བྱུང་ནུག།

བཀྲིས་སྒང་ལུ་ ཆར་རླུང་གིས་ གེ་ཟ་ཞིང་ཨེ་ཀར་༥༩ མེདཔ་བཏང་ཡོདཔ།

༉ ད་རེས་ གནམ་བྱཱར་གྱི་ ཆར་ཆུ་གིས་ བཀྲིས་སྒང་རྫོང་ཁག་ནང་ ཁྱིམ་གུང་༨༢ དེ་ཅིག་གི་ ལོ་ཐོག་གེ་ཟ་ཨེ་ཀར་༥༩ ལྷགཔ་ཅིག་ མེདཔ་བཏང་ནུག།
ལོ་ཐོག་ལུ་ གནོད་སྐྱོན་ཚུ་ཡང་ ཁྲིམས་ཤིང་དང་ རྐང་པར་ དེ་ལས་ མཁའ་གླིང་རྒེད་འོག་༣ ནང་ བྱུང་ཡོད་པའི་ སྙན་ཞུ་ལྷོད་མི་ལས་ མང་ཤོས་ར་ ཁྲིམས་ཤིང་རྒེད་འོག་ནང་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༩ ལས་ ཆརཔ་རྒྱུན་ཆད་མེད་པར་ རྐྱབ་ལུ་མི་དང་ རླུང་འཚུབས་ཨ་ཙི་་རེ་ འཕུ་མི་དེ་གིས་ ལོ་ཐོག་གེ་ཟ་ཚུ་ མེདཔ་བཏང་ནུག་ཟེར་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ད་རུང་ སྤྱི་ཟླ་༧ པའི་ཚེས་༡༢ ཀྱི་ཕྱི་རུ་ལས་ རླུང་འཚུབས་དང་གཅིག་ཁར་ ཆརཔ་རྐྱབ་མི་དེ་གིས་ ལོ་ཐོག་ཚུ་ ཧེང་སྐལ་ར་ མེདཔ་བཏང་ཡོདཔ་ད་ རྒེད་འོག་༣ དེ་ གྱེན་གཟར་དྲགས་གུ་ ཆགས་ཡོདཔ་ལས་ ས་རུད་ཀྱིས་ཡང་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།
ཁྲིམས་ཤིང་རྒེད་འོག་ གཙང་པོ་ལྷ་ཁང་རྒྱབ་སྤྱི་འོག་ནང་ ཁྱིམ་གུང་༢༩ དང་ ཕེག་པ་རི་བོང་ཟོར་སྤྱི་འོག་ནང་ གུང་པ་༡༥ དེ་ལས་ སྤྱི་འོག་གཞན་ནང་ གུང་པ་༡༢ དེ་ཅིག་གི་ གེ་ཟ་ཞིང་ཚུ་ མེདཔ་བཏང་ནུག་ཟེར་ཨིན་པས།
ཁྲིམས་ཤིང་གི་རྒཔོ་ ངག་དབང་རྡོ་རྗེ་གིས་ སླབ་མིའི་ནང་ འཁོར་ལམ་ཚུ་ བསུབས་ཡོདཔ་མ་ཚད་ སྤྱི་འོག་ག་རའི་ནང་ གེ་ཟ་ཞིང་ཚུ་ལུ་ གནོད་སྐྱོན་འདྲན་འདྲ་བྱུང་སྟེ་ཡོདཔ་ལས་ སོ་ནམ་པ་ཚུ་ ག་ཅི་འབད་ནི་ཨིན་ན་ཡང་ མ་ཤེས་པར་ སྡོད་ནུག་ཟེར་ཨིན་པས།
ཕེག་པ་རི་བོང་ཟོར་སྤྱི་འོག་ཚོགས་པ་ གནམ་སྒང་གིས་འབད་བ་ཅིན་ ཁོ་རའི་སྤྱི་འོག་ནང་ འཁོར་ལམ་ཆད་མི་དང་ ས་རུད་དང་ཆུ་རུད་ཀྱིས་ གེ་ཟ་ཚུ་ མེདཔ་བཏང་མི་དེ་ འགོ་དང་པ་ཨིན་ཟེར་ཨིན་པས།
སྐྱེས་ལོ་༤༨ ལང་མི་ བསམ་གཏན་ཆོས་རྗེ་གིས་ སླབ་མིའི་ནང་ གེ་ཟ་ཞིང་ཚུ་ རླུང་འཚུབས་ཀྱིས་ མེདཔ་བཏང་ཡོདཔ་མ་ཚད་ ཞིང་ག་ར་ རག་རོ་ཚུ་གིས་ གང་སྟེ་ཡོདཔ་ལས་ སང་ཕོད་ག་ཅི་ཟ་ནི་ཨིན་ན་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།
འཁོར་ལམ་ག་ར་བསུབས་ཡོདཔ་ལས་ ཆར་རླུང་གིས་ གེ་ཟ་ཞིང་ཚུ་ མེདཔ་བཏང་ཡོད་པའི་ སྙན་ཞུ་ཚུ་ ལྷོད་ཡོད་རུང་ བརྟག་ཞིབ་འབད་བར་ འགྱོ་མ་ཚུགས་ཟེར་ རྐང་པ་རའི་རྒཔོ་ སངས་རྒྱས་དབང་འདུས་ཀྱིས་ བཤད་པའི་ཁར་ ཁ་ཙ་ལས་ ཆརཔ་ཆད་ཡོདཔ་ལས་ རྒེད་འོག་འགོ་དཔོན་ཚུ་ ཞིབ་དཔྱད་འབད་བར་ བཏང་ཡི་ཟེར་ བཤདཔ་ཨིན་པས།
མཁའ་གླིང་རྒེད་འོག་ནང་ ཁྱིམ་གུང་༢༣ ལྷགཔ་ཅིག་གི་ གེ་ཟ་ཞིང་ཚུ་ གནོད་སྐྱོན་རྐྱབ་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་ལས་ རྒེད་འོག་བདག་སྐྱོང་གིས་ གནས་སྡུད་ཚུ་ བསྡུ་ལེན་འབད་བའི་བསྒང་ཡོད་ཟེར་ རྒཔོ་བཀྲིས་རྡོ་རྗེ་གིས་ བཤདཔ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *