ཉམས་གསོའི་ལཱ་བརྒྱ་ཆ་༩༥ དེ་ཅིག་ མཇུག་བསྡུ་སྟེ་ ད་ལྟོ་ ལས་མི་ཚུ་གིས་ རྡོ་བཟོ་དང་ ཤིང་བཟོའི་ལཱ་ཕྱབ་ཕྱིམ་འབད་བའི་བསྒང་།

བཀྲིས་སྒང་རྫོང་ ཉམས་གསོའི་ལཱ་ ཤུལ་མའི་ཟླཝ་ནང་ མཇུག་བསྡུ་ནི།

༉ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་གི་ ཉམས་གསོའི་ལཱ་བརྒྱ་ཆ་༩༥ དེ་ཅིག་ མཇུག་བསྡུ་ཡོདཔ་ལས་ ཤུལ་མའི་ཟླཝ་ནང་ ཡོངས་རྫོགས་སྦེ་ བསྒྲུབ་ཚར་ནི་ཨིན་པས།
ད་ལྟོ་ ཉམས་གསོའི་ལཱ་ཟེར་རུང་ རྫོང་གི་ཕྱི་ཁར་ རྡོ་བཟོ་དང་ ཤིང་བཟོའི་ལཱ་ཕྱམ་ཕྱིམ་རྐྱངམ་གཅིག་ ལུས་ཡོདཔ་ཨིན་པས།
རྫོང་ཉམས་གསོའི་ལས་འགུལ་འཛིན་སྐྱོང་པ་ ཚེ་རིང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཉམས་གསོའི་སྐབས་ ལས་མིའི་དཀའ་ངལ་ ག་ནི་ཡང་ མ་བྱུང་ཟེར་ཨིན་པས།
ཤིང་ཆས་དང་ རྡོ་ལ་སོགས་པའི་ རྒྱུ་ཆས་དང་ མི་སྟོབས་ཚུ་ གྲ་སྒྲིག་ཡོད་མི་ལུ་བརྟེན་ ལཱ་ཚུ་ཐོགས་ཆགས་མེད་པར་ འབད་ཚུགསཔ་ལས་ དུས་ཚོད་ནང་འཁོད་ལུ་ ལཱ་མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ ལས་འགུལ་འཛིན་སྐྱོང་པ་གིས་ བཤདཔ་ཨིན་པས།
རྫོང་ཉམས་གསོའི་ལཱ་དེ་ཡང་ བཀྲིས་སྒང་དང་ ལྷུན་རྩེ་ བསམ་གྲུབ་ལྗོངས་མཁར་ ཀྲོང་གསར་རྫོང་ཁག་ཚུ་ལས་ ཁས་བླངས་པ་༡༨༠ དེ་ཅིག་གི་ཐོག་ལུ་ འགོ་བཙུགས་ཡོདཔ་ད་ ད་རེས་ནངས་པར་ རྡོ་བཟོ་དང་ ཤིང་བཟོ་ ཆུ་དུང་བཙུགས་སྒྲིག་ གློག་མེ་དང་འབྲེལ་བའི་ ལཱ་ཚུ་ནང་ ལཱ་འབད་མི་༧༠ དེ་ཅིག་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༩ དང་༢༠༡༡ ལུ་ ས་ཡོམ་རྐྱབ་ད་ བཀྲིས་སྒང་རྫོང་གི་ཤར་ཁ་ཐུག་ལུ་ (རང་འབྱུང་འགྱོ་སའི་ གདོང་ཕྱོགས) དང་ ནུབ་བྱང་ཁ་ཐུག་ལུ་ (མོང་སྒར་ལུ་འགྱོ་སའི་ལམ) གག་འགྲམ་སྦོམ་བྱུང་པའི་ཤུལ་ལས་ སྤྱི་ལོ་༢༠༡༤ ཟླ་༢ པའི་ནང་ ཉམས་གསོ་ཞུ་ནི་ འགོ་བཙུགས་ནུག།
ཚེ་རིང་རྣམ་རྒྱལ་གྱིས་འབད་བ་ཅིན་ ཉམས་སྲུང་ལས་འགུལ་གྱིས་ རྫོང་གི་བཟོ་བཀོད་ཚུ་ལུ་ བསྒྱུར་བཅོས་སྦོམ་མ་འབད་བར་ སྔར་ག་ཨིནམ་སྦེ་ ཉམས་གསོ་ཞུ་སྟེ་ཡོད་ཟེར་ཨིན་པས།
རྫོང་ཉམས་གསོ་ཞུ་མི་དེ་ནང་ དེང་སང་གི་མཐུན་རྐྱེན་ དཔེར་ན་ མེ་བསད་འཕྲུལ་ཆས་དང་ དུ་པ་དང་ དྲོད་ཀྱི་ཚོར་འཕྲུལ་ བརྡ་སྐད་ཚུ་ གཞི་བཙུགས་འབད་ནི་ཨིནམ་ད་ དྲོད་ཀྱི་ཚོར་འཕྲུལ་ཚུ་ རྫོང་ནང་ནའི་ ལྷ་ཁང་༡༡ ག་རའི་ནང་ བཙུགས་ཡོདཔ་མ་ཚད་ ཡིག་ཚང་ཚུ་ནང་ དུ་པའི་ཚོར་འཕྲུལ་ཚུ་ བརྡ་སྐད་ཚུ་དང་ སྦྲེལ་མཐུད་འབད་དེ་ཡོད་ཟེར་ཨིན་པས།
དེ་བཟུམ་མའི་ ཁྱད་ཆོས་དང་ མཐུན་རྐྱེན་གསརཔ་བཙུགས་དགོ་མི་དེ་ཡང་ མ་འོངས་པ་ལུ་ མེའི་འཇིགས་པ་ཚུ་ལས་ ཉེན་སྐྱོབ་འབད་ཐབས་ལུ་ཨིན་པས།
རྫོང་གི་དབུ་རྩེ་ལུ་ ཉམས་གསོ་ཞུཝ་དང་གཅིག་ཁར་ ལས་འགུལ་གྱིས་ རབ་སྡེ་གྲྭ་ཚང་གི་དོན་ལུ་ གྲྭ་ཤག་ཅིག་དང་ ཚོགས་ཁང་ཅིག་ ཐབ་ཚང་རྐྱབ་ཡོདཔ་བཞིན་དུ་ སྒོ་ར་ཅིག་དང་ ཉེན་སྲུང་ལྟ་རྟོག་པའི་ ཁང་ཚན་ཅིག་ཡང་ རྐྱབ་སྟེ་ཡོདཔ་ཨིན་པས།
ཉམས་གསོའི་ལཱ་དེ་ མ་དངུལ་ས་ཡ་༡༨༠ གི་ཐོག་ལས་ འགོ་བཙུགས་ཡོདཔ་ཨིན་རུང་ རྫོང་གི་ཤར་ཁ་ཐུག་ལུ་ ཉམས་སྐྱོན་སྦོམ་ཞུགས་ཡོད་ནི་དེ་གིས་ རྩ་བ་ལས་ བཟོ་སྐྲུན་འབད་དགོཔ་ བྱུང་ཡོདཔ་མ་ཚད་ རྡོ་དང་ རྩི་ས་རྒྱ་ཆེཝ་སྦེ་ ལག་ལེན་འཐབ་དགོཔ་ལས་ ཟད་འགྲོ་ཡར་འཕར་སོང་ཡི་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ལམ་སྲོལ་ལས་ཁུངས་ཀྱིས་ ཟད་འགྲོ་མ་དངུལ་ས་ཡ་༢༦༠.༩ གི་ཐོག་ལས་ ཉམས་གསོ་ཞུ་དོ་ཡོདཔ་ད་ རྒྱ་གར་གཞུང་གིས་ ལས་འགུལ་དེ་ལུ་ མ་དངུལ་གྲོགས་རམ་བྱིནམ་ཨིན་པའི་གནས་ཚུལ།

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *