ནད་ཡམས་ཀྱི་ བརྟག་དཔྱད་འབད་བའི་བསྒང་།

བཀྲིས་སྒང་དང་ བཀྲིས་གཡང་རྩེ་རྫོང་ཁག་གིས་ ཐིམ་ཕུག་ལས་འོང་མི་ཚུ་ འཚོལ་ ཞིབ་འབད་དོ་ཡོདཔ།

  ཁ་ཙ་ ཐིམ་ཕུག་ལས་ བཀྲིས་སྒང་ལུ་འོང་མི་ སྐྱེལ་འདྲེན་བཱསི་༥ དང་ སྣུམ་འཁོར་༢༠ ལྷགཔ་ཅིག་ ནད་ཡམས་ཀོ་བིཌ་༡༩ འི་ བརྟག་དཔྱད་འབད་ཡི།

རྫོང་ཁག་ཀོ་བིཊ་༡༩ ལས་བྱེད་ཚོགས་ཆུང་གིས་ རྒྱལ་ཡོངས་ཀོ་བིཊ་༡༩ ལས་བྱེད་ཚོགས་ཆུང་གི་ བཀོད་བྱ་དང་འཁྲིལ་ འགྲུལ་པ་༡༢༩ ནད་ཡམས་ཡོད་མེད་ བརྟག་དཔྱད་འབདཝ་ད་ ནད་མེདཔ་སྦེ་འཐོན་ཡི།

འགྲུལ་པ་ཚུ་ བདུན་ཕྲག་༡ ཁོང་རའི་ཁྱིམ་ནང་ ཟུར་བཞག་སྦེ་སྡོད་དགོ་ནི་ཨིནམ་ད་ ད་རུང་ཚར་གཅིག་ནད་བརྟག་དཔྱད་འབད་ནི་ཨིན་པས།

བཀྲིས་སྒང་རྫོང་བདག་ ཆོས་སྐྱིད་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཐིམ་ཕུག་ལུ་ འགྲོ་འགྲུལ་བཀག་དམ་གྱི་ གསལ་བསྒྲགས་འབད་བའི་ཤུལ་ལས་ དྲུང་ཁག་༣ དང་ རྒེད་འོག་༡༥ འི་ ས་གནས་གཞུང་གི་འགོ་དཔོན་ག་ར་ལུ་ གྲ་སྒྲིག་དང་ ལྟ་རྟོག་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གལ་སྲིད་ འགྲོ་འགྲུལ་བཀག་དམ་འབད་དགོཔ་འཐོན་པ་ཅིན་ བཟའ་འཐུང་རིགས་ཚུ་ལངམ་སྦེ་ཡོདཔ་ད་ ད་རེས་ ལས་བྱེད་ཚོགས་ཆུང་ཚོགས་ཏེ་ བདུན་ཕྲག་༢ ལྷགཔ་ཅིག་ བཟའ་འཐུང་གི་རིགས་ བསག་བཞག་དགོཔ་སྦེ་ དྲན་གསོ་འབད་འོང་ཟེར་ཨིན་པས།

རྫོང་བདག་གིས་ ཐིམ་ཕུག་ལས་འོང་མི་ འགྲུལ་པ་ཚུ་ཡང་ ནད་གཞི་བརྟག་དཔྱད་འབད་བཅུག་སྟེ་ རྒྱལ་ཡོངས་ཀོ་བིཌ་༡༩ ལས་བྱེད་ཚོགས་ཆུང་གི་ བཀོད་བྱ་དང་འཁྲིལ་ བདུན་ཕྲག་༡ ཁྱིམ་ནང་ཟུར་བཞག་དགོཔ་སྦེ་ སླབ་པའི་ཤུལ་ལས་ འགྲུལ་པ་ཚུ་ ཁྱིམ་ནང་བཏང་ཡི་ཟེར་ཨིན་པས།

བཀྲིས་གཡང་རྩེ་རྫོང་བདག་ ཐུགས་རྗེ་ཚེ་རིང་གིས་ སླབ་མིའི་ནང་ བཀྲིས་གཡང་རྩེ་རྫོང་ཁག་དེ་ ཧེ་མ་ལས་ར་གྲ་སྒྲིག་ཡོད་པའི་གུ་ རྫོང་ཁག་ཀོ་བིཌ་༡༩ ལས་བྱེད་ཚོགས་ཆུང་འཚོགས་ཏེ་ གྲ་སྒྲིག་ག་ཅི་འབད་དགོཔ་ཨིན་ན་ ཚུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།

ཉིནམ་དག་པ་ཅིག་གི་ཧེ་མར་ ཐིམ་ཕུག་ལས་ བཀྲིས་གཡང་རྩེ་ལུ་འོང་མི་ཚུ་ འཚོལ་ཞིབ་འབད་ནི་ འགོ་བཙུགས་ཡི་ཟེར་ཨིནམ་ད་ ས་གནས་གཞུང་གི་ འགོ་དཔོན་ཚུ་ལུ་འབད་རུང་ ཐིམ་ཕུག་ལས་འོང་མི་ཡོད་པ་ཅིན་ ལྟ་རྟོག་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།

ཉིནམ་དག་པ་ཅིག་གི་ཧེ་མར་ ཐིམ་ཕུག་ལས་འོང་མི་ཡོད་པ་ཅིན་ རང་སོའི་ཁྱིམ་ནང་ ཟུར་བཞག་སྡོད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིནམ་ད་ གལ་སྲིད་ འགྲོ་འགྲུལ་བཀག་དམ་འབད་དགོཔ་འཐོན་པ་ཅིན་ བཟའ་འཐུང་ཚུ་ལངམ་སྦེ་ཡོདཔ་ལས་ ཚ་གྱང་ལང་དགོཔ་མེད་ཟེར་ རྫོང་བདག་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *