དགེ་སློང་དང་ ཨ་ནེམོ་ཚུ་གིས་ གསོ་བའི་སྦྱོང་བརྡར་འབད་བའི་བསྒང་།

བཀྲིས་སྒང་དང་ བཀྲིས་གཡང་རྩེ་རྫོང་ཁག་༢ ཀྱི་ ཆོས་སྡེ་ཚུ་ནང་ གསོ་བའི་སྦྱོང་བརྡར་མཇུག་བསྡུ་ཡོདཔ།

༉ རྒྱལ་ཁབ་ནང་ཡོད་མི་ གྲྭ་ཚང་དང་ དགོན་སྡེ་ དེ་ལས་ ཨ་ནེམོ་གྲྭ་ཚང་ཚུ་གི་གྲས་ལས་ དཔྱ་༣ དེ་ཅིག་ནང་ འཕྲོད་བསྟེན་འགོ་འདྲེན་འཐབ་མི་ མིན་འདུག་ཟེར་ཨིན་པས།

གནད་དོན་དེ་ལུ་བརྟེན་ གཟུགས་ཁམས་འཕྲོད་བསྟེན་དང་གཙང་སྦྲ་ དེ་ལས་ འཐུང་ཆུ་ཉེན་སྲུང་དང་ ཟད་བཅུད་འཐོབ་མ་ཚུགས་པའི་ དཀའ་ངལ་བྱུང་ནུག་ཟེར་ གྲྭ་ཚང་ལྷན་ཚོགས་དང་ འཛམ་གླིང་རྒྱལ་སྤྱི་ཨ་ལོའི་མ་དངུལ་ལས་སྡེ་༢ ཀྱིས་ ཞིབ་འཚོལ་འབད་ནིའི་ནང་ བཀོད་ཡོདཔ་ཨིན་པས།

དེ་ལས་ཚུར་ གྲྭ་ཚང་ལྷན་ཚོགས་ཀྱིས་ འཛམ་གླིང་རྒྱལ་སྤྱི་ཨ་ལོའི་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ འཕྲོད་བསྟེན་འགོ་འདྲེན་པའི་ ལྕོགས་གྲུབ་ལས་རིམ་ འགོ་བཙུགས་ཡོདཔ་ད་ བཀྲིས་སྒང་ལུ་འབད་བ་ཅིན་ སྤྱི་ཟླ་༤ པའི་ཚེས་༡༢ ལས་ འགོ་བཙུགས་མི་ འཕྲོད་བསྟེན་ལྕོགས་གྲུབ་གོང་འཕེལ་ལས་རིམ་དེ་ ཁ་ཙ་ མཇུག་བསྡུ་ཡི།

ལས་རིམ་ནང་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལུ་ཡོད་པའི་ གྲྭ་ཚང་དང་དགོན་སྡེ་ དེ་ལས་ ཨ་ནེམོ་གྲྭ་ཚང་ཚུ་ལས་ མི་ངོམ་༤༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

འཛམ་གླིང་རྒྱལ་སྤྱི་ཨ་ལོའི་མ་དངུལ་ཡིག་ཚང་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གྲྭ་ཚང་ཚུ་ནང་ སློབ་གྲྭ་ནང་བཟུམ་སྦེ་ འཕྲོད་བསྟེན་འགོ་འདྲེན་པ་མེདཔ་ལས་ འབུབ་སྨན་སྤྲོད་ནི་དང་ འཕྲོད་བསྟེན་ལ་སོགས་པ་ འགོ་འདྲེན་འཐབ་ནི་ལུ་ དཀའ་ངལ་བྱུང་སྟེ་ འདུག་ཟེར་ཨིན་པས།

འཛམ་གླིང་རྒྱལ་སྤྱི་ཨ་ལོའི་མ་དངུལ་ཡིག་ཚང་གི་འགོ་དཔོན་ བསོད་ནམས་རྒྱལ་མཚན་གྱིས་འབད་བ་ཅིན་ བཅའ་མར་གཏོགས་མི་ཚུ་གིས་ ཁོང་རའི་ གྲྭ་ཚང་ནང་ལོག་འགྱོཝ་ད་ གཟུགས་ཁམས་འཕྲོད་ཁག་༧ ལག་ལེན་འཐབ་ནི་དང་ གོ་བརྡ་སྤེལ་ནི་ དེ་ལས་ འཐུང་ཆུ་ཉེན་སྲུང་འབད་ཐངས་དང་ གཙང་སྦྲ་འཕྲོད་བསྟེན་ཚུ་ གཞི་བཙུགས་འབད་ཚུགས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ རྫོང་ཁག་༦ ནང་ འཕྲོད་བསྟེན་གོང་འཕེལ་ལས་རིམ་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ གྲྭ་ཚང་དང་ དགོན་སྡེ་༨༦ དེ་ཅིག་ལུ་ སྦྱོང་བརྡར་བྱིན་ཚར་ཡི་ཟེར་ཨིན་པས།

ར་ལྡི་ལུ་ཡོད་པའི་ ཐེག་མཆོག་ཀུན་བཟང་ཆོས་སྒྲོན་ཨ་ནེམོ་གྲྭ་ཚང་ལས་ ཨ་ནེམོ་སྐལ་བཟང་མཚོ་མོ་གིས་ སླབ་མིའི་ནང་ གྲྭ་ཚང་ནང་ ལོག་འགྱོཝ་ད་ ཟས་བཅུད་ཅན་དང་ རང་སོའི་གཟུགས་ཁམས་འཕྲོད་བསྟེན་ཚུ་ ག་དེ་སྦེ་ བདག་འཛིན་འཐབ་ནི་ཨིན་ནའི་ གོ་བརྡ་ཚུ་ སྤེལ་བྱིན་ནི་ཨིན་ཟེར་ཨིན་པས།

སྦྱོང་བརྡར་ལུ་བརྟེན་ གྲྭ་ཚང་ནང་སྡོད་མི་ ཨ་ནེམོ་ཚུ་ལུ་ ཁེ་ཕན་འབྱུང་ནི་མས་ཟེར་ཨིནམ་ད་ བཞེས་སྒོ་བཅུད་ཅན་ཚུ་ ག་དེ་སྦེ་ བྱིན་ནི་ཨིན་ན་ཡང་ ཧ་གོ་ཡོདཔ་ལས་ དེ་ཚུ་ལག་ལེན་འཐབ་འོང་ཟེར་ མོ་གིས་བཤདཔ་ཨིན་པས།

སག་སྟེང་དགོན་འཛིན་གྲྭ་ཚང་ལས་ དགེ་སློང་ཕུན་ཚོགས་དབང་འདུས་ཀྱིས་ སླབ་མིའི་ནང་ ཁོ་རའི་ས་ཁོངས་ནང་ ཕྱགས་སྙིགས་དང་འབྲེལ་བའི་ དཀའ་ངལ་ཡོད་ཟེར་ཨིནམ་ད་ ལས་རིམ་ལུ་བརྟེན་ ཕྱགས་སྙིགས་ཕྱེ་སེལ་རྐྱབ་ཐངས་ཚུ་ ཧ་གོ་ཡོདཔ་ལས་ འཛིན་སྐྱོང་འཐབ་ཚུགས་ནི་མས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གྲྭ་ཚང་ནང་ དགེ་སློང་ཚུ་ན་བ་ཅིན་ སྨན་ཁང་ནང་ མ་བསྐྱལ་བའི་ཧེ་མར་ འབད་དགོཔ་ཚུ་ ཧ་གོ་ཡི་ཟེར་ཨིནམ་ད་ ཆུ་རྐ་ཉེན་སྲུང་དང་ལྡན་སྦེ་ བཞག་ནི་ཚུ་ཡང་ ཧ་གོ་ཡི་ཟེར་ཨིན་པས།

དགེ་སློང་ལས་སྐྱིད་མཁའ་འགྲོ་གིས་འབད་བ་ཅིན་ ད་རེས་ རྫོང་ནང་ ཕོ་སྐྱེས་དང་ཨམ་སྲུའི་ གསང་སྤྱོད་སོ་སོར་མེདཔ་ལས་ ད་ལས་ཕར་ གསང་སྤྱོད་དང་གཅིག་ཁར་ གྲོས་འཆར་བཙུགས་འོང་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འཕྲལ་འཕྲལ་སྐབས་ རྫོང་གཞི་མཇལ་བར་འོང་མི་ ཨམ་སྲུ་ཚུ་ ཟླ་ཁྲག་རེ་འོང་པ་ཅིན་ གཙང་རས་སོར་ནིའི་ ཞབས་ཏོག་བཙུགས་ཏེ་ རྒྱབ་སྐྱོར་འབད་ནིའི་ རིག་པ་གསརཔ་ཐོབ་ཅི་ཟེར་ཨིནམ་ད་ དེ་ཚུ་ གཞི་བཙུགས་འབད་ནིའི་ མནོ་བསམ་ཡོད་ཟེར་ཨིན་པས།

བཞེས་སྒོ་བཅུད་ཅན་བཟའ་དགོ་པ་ཅིན་ དམར་ཟས་ར་ བཟའ་དགོཔ་མིན་འདུག་ཟེར་ ལས་སྐྱིད་མཁའ་འགྲོ་གིས་ བཤད་པའི་ཁར་ ཚོད་བསྲེ་མ་འདྲཝ་ཚུ་ལས་ ཟད་བཅུད་ག་ཅི་འཐོབ་ཚུགསཔ་ཨིན་ནའི་ ངོས་འཛིན་འབད་ཚུགས་ཡི་ཟེར་ཨིནམ་ད་ དེ་ཚུ་ གཉེར་པ་དང་གཅིག་ཁར་ ཁ་སླབ་སྟེ་ དགེ་སློང་ཆུང་ཀུ་ཚུ་ལུ་ བྱིན་ནིའི་མནོ་བསམ་ཡོད་ཟེར་ཨིན་པས།

གསོ་བའི་རིག་པ་དང་ བཞེས་སྒོའི་སྤྱོད་ལམ་ཚུ་ སངས་རྒྱས་ཀྱིས་ གསུངས་ཡོད་པའི་ཁར་ སྦྱོང་བརྡར་ལས་ ཚན་རིག་གི་རིག་པ་ཡང་ ཐོབ་ཡོདཔ་ལས་ ག་བསྡུར་འབད་དེ་ ལག་ལེན་འཐབ་ནིའི་ ཕན་ཐོགས་འདུག་ཟེར་ བཀྲིས་སྒང་གྲྭ་ཚང་ལས་ཨིན་མི་ དགེ་སློང་རྡོ་རྗེ་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གསུང་ཆོག་འབུམ་སྡེ་རེ་གནངམ་ད་ དགེ་སློང་ཚུ་དེ་ཅིག་ར་ ཉལ་ནིའི་དུས་ཚོད་མི་འཐོབ་ཟེར་ཨིནམ་ད་ ལས་རིམ་ལུ་བརྟེན་ དུས་ཚོད་ཁར་ ཉལ་དགོ་པའི་བསླབ་བྱ་ཚུ་ ཧ་གོ་ཡི་ཟེར་ཨིན་པས།

ལས་རིམ་འགོ་འདྲེན་འཐབ་མི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ད་ལྟོ་ཚུན་ རྫོང་ཁག་༦ གི་ གྲྭ་ཚང་དང་དགོན་སྡེ་ དེ་ལས་ ཨ་ནེམོ་གྲྭ་ཚང་༨༦ དེ་ཅིག་ནང་ འཕྲོད་བསྟེན་འགོ་འདྲེན་པའི་ སྦྱོང་བརྡ་བྱིན་ཚར་ཡོདཔ་ད་ རྫོང་ཁག་༢༠ ག་ར་ནང་ སྦྱོང་བརྡར་བྱིན་ཚར་བའི་བསྒང་ལས་ དགེ་སློང་དང་སྒོམ་ཆེན་༥,༥༢༦ དེ་ལས་ ཨ་ནེམོ་༤༩༠ ལུ་ ཕན་ཁྱད་འབྱུང་ནི་ཨིན་པས།

ལས་རིམ་དེ་ འཛམ་གླིང་རྒྱལ་སྤྱི་ཨ་ལོའི་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ གྲྭ་ཚང་ལྷན་ཚོགས་དང་ གསོ་བའི་ལྷན་ཁག་མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ སྤྱི་ལོ་༢༠༢༣ ལུ་ ལས་རིམ་གྱིས་ གྲྭ་ཚང་དང་དགོན་སྡེ་༢༢༢ དེ་ལས་ གཞུང་དང་ སྒེར་གྱི་ཨ་ནེམོ་གྲྭ་ཚང་༢༨ ག་རའི་ནང་ ཁྱབ་ཚུགསཔ་འབད་ནིའི་ ལས་འཆར་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *