བཀྲིས་སྒང་དང་ བཀྲིས་གཡང་རྩེ་གི་ གནམ་ལོ་ལྕགས་ཕོ་བྱི་ལོའི་ གནད་དོན་བཅུད་བསྡུས།

༉ རང་ལུགས་གནམ་ལོ་ལྕགས་ཕོ་བྱི་ལོའི་ནང་ རྩིསཔ་ཚུ་གིས་ སྤྱི་ལོ་༢༠༢༠ ལུ་ ཆརཔ་དང་ རླུང་འཚུབས་འཕུ་ནི་མས་ཟེར་ སྔོན་བཤད་འབད་མི་དང་བསྟུན་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལུ་ ཆརཔ་དང་ རླུང་འཚུབས་ཀྱི་ རྐྱེན་ངན་ཚུ་བྱུང་ཡི།

འདས་པའི་ནང་ ག་ཅི་བྱུང་ཡོདཔ་ཨིན་ན་ རྒྱབ་ལོག་ལྟཝ་ད་ རླུང་འཚུབས་དང་ ཆར་ཤུགས་རྐྱབ་མི་དེ་གིས་ མཁའ་གླིང་རྒེད་འོག་གི་ གུང་པ་༣༣ ལྷགཔ་ཅིག་གི་ གེ་ཟ་ཞིང་ཚུ་ག་ར་ མེདཔ་བཏང་ཡོདཔ་མ་ཚད་ སྤྱི་འོག་གཞན་༣ ནང་ཡང་ སྟབས་མ་བདེཝ་ཚུ་ བྱུང་ཡོདཔ་ཨིན་པས།

དེ་མ་ཚད་ ཆར་ཤུགས་རྐྱབ་མི་ལུ་བརྟེན་ རྐང་པ་ར་རྒེད་འོག་ལྟེ་བའི་འཁོར་ལམ་ཡང་ རྒྱ་སྦོམ་སྦེ་ར་ བསུབས་ཡོདཔ་ལས་ ཟླ་༢ ལྷགཔ་ཅིག་ རྫོང་ཁག་གཞན་ཚུ་ནང་ རྒྱུན་འགྲུལ་འཐབ་མ་ཚུགས།

སྤྱི་ཟླ་༡༠ པའི་ཚེས་༤ ལུ་ བཀྲིས་གཡང་རྩེ་ སྟོད་ཚོ་རྒེད་འོག་ནང་ཡང་ རླུང་འཚུབས་ཀྱིས་ གཡུས་ཚན་༤ གི་ གེ་ཟ་དང་ འབྱ་ཞིང་ཚུ་མེད་བཏང་ཡོདཔ་མ་ཚད་ མདོ་གསུམ་དང་ བཀྲིས་སྒང་བར་ནའི་ ཟམ་གཉིས་ཡང་ མེདཔ་བཏང་ཡི།

ཝམ་རོང་ལུ་ དྲུང་ཁག་ཁྲིམས་འདུན་དྲང་དཔོན་གྱི་ ཨམ་སྲུ་དང་ ཁྲིམས་ཁང་ཕྱགས་བརྡར་རྐྱབ་མི་ ཨམ་སྲུ་གཉིས་ཀྱི་བར་ན་ འཐབ་རྩོད་བྱུང་མི་དེ་ མི་སྡེ་བརྡ་བརྒྱུད་ནང་ཐོན་པའི་ཤུལ་ལས་ ག་ར་དྲན་བཏོན་འབད་དགོ་པའི་ གནད་དོན་ཅིག་ལུ་གྱུར་ཡི།

མི་སྡེ་བརྡ་བརྒྱུད་ནང་ ཉམས་རྒུདཔ་ལུ་ དྲང་ཁྲིམས་དགོ་པའི་སྐོར་ལས་ བསམ་འཆར་འདྲ་མིན་སྣ་ཚོགས་ བཀོད་ཡོདཔ་ད་ ཁྲིམས་སྲུང་འགག་པ་དང་ རི་གསེར་བུ་སྨན་པ་ཚུ་གིས་ དྲང་བདེན་ཐོག་ལས་ མ་འབད་བས་ཟེར་བའི་ བསམ་འཆར་དང་ ཁེ་ཕན་ལྟག་སྤྲོད་ ག་དེ་སྦེ་འོང་ག་ཟེར་བའི་ བསམ་འཆར་ཡང་ བཀོད་སར་མཐོང་ཡི།

ཨིན་རུང་ ཁེ་ཕན་ལྟག་སྤྲོད་ མི་འབྱུང་ནིའི་དོན་ལུ་ རྩོད་གཞི་དེ་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་གྱིས་སྦེ་ ཕྱེས་ཡོདཔ་ད་ རྩོད་གཞི་མཇུག་མ་བསྡུ་ཚུན་ མི་ཚུ་གིས་ མི་སྡེ་བརྡ་བརྒྱུད་ནང་ དེའི་སྐོར་ལས་ར་ བསམ་འཆར་ཚུ་བཀོད་སྡོད་ཡི།

ཁྲིམས་སྲུང་འགག་པ་གིས་ ཕྱགསམ་འཕྱག་མི་ཨམ་སྲུ་དང་ མོ་རའི་བུ་ དེ་ལས་ དྲང་དཔོན་གྱི་ཨམ་སྲུ་སྦེ་ ཁོང་གསུམ་ལུ་ འཐབ་རྩོད་དང་འབྲེལ་བའི་ ཉེས་ཁྲིམས་བཀལ་དགོ་ཟེར་ཞུ་བའི་ཁར་ དྲུང་ཁག་ཁྲིམས་འདུན་གྱིས་ དྲང་དཔོན་གྱི་ཨམ་སྲུ་ལུ་ འཐབ་རྩོད་འབད་བའི་ཉེས་པ་ལུ་བརྟེན་ བརྩོན་ཁྲིམས་ཟླཝ་༡༨ བཀལ་ཡི།

དྲུང་ཁག་ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་གུ་ ཁེ་རྒུད་མ་བཏུབ་པར་ ཚེ་རིང་དབྱངས་སྐྱིད་ཀྱིས་ སྤྱི་ཟླ་༡༠ པའི་ཚེས་༡ ལུ་ བཀྲིས་སྒང་རྫོང་ཁག་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ད་ རྩོད་གཞི་དེ་ ད་ལྟོ་ བཀྲིས་སྒང་རྫོང་ཁག་ཁྲིམས་འདུན་ལུ་ ཡོདཔ་ཨིན་པས།

རང་ལུགས་གནམ་ལོ་ ལྕགས་ཕོ་བྱི་ལོའི་ནང་ རྫོང་ཁག་ཚོགས་འདུ་གིས་ མེ་རག་རྒེད་འོག་ལྟེ་བའི་ འཁོར་ལམ་གྱི་རྩི་ནག་དེ་ གཤོང་ཕུག་ལྕགས་གླིང་བརྒྱུད་དེ་ གཏང་དགོ་པའི་ གྲོས་ཐག་བཅད་མིའི་གུ་ མེ་རག་རྒེད་འོག་གི་ མི་སེར་སྡེ་ཚན་ཅིག་ སེམས་དང་མ་ལྡན་པར་ བློན་ཆེན་ཚུན་ བཅར་དགོཔ་བྱུང་ཡི།

རྩོད་རྙོགས་དེ་ བསལ་མ་ཚུགས་པར་ ལམ་སེལ་ལས་ཁུངས་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ ས་གནས་ མཁར་གདུང་བརྒྱུད་དེ་གཏང་དགོ་པའི་ རྒྱུ་མཚན་བཀོད་མི་དང་འབྲེལ་ གཞུང་གིས་འབད་རུང་ མཁར་གདུང་བརྒྱུད་དེ་ར་ གཏང་དགོ་པའི་ གྲོས་ཐག་བཅད་ཡི།

དེ་ལས་ གཞུང་གིས་གྲོས་ཐག་བཅད་མིའི་གུ་ ཁེ་རྒུད་མ་བཏུབ་པར་ གཤོང་ཕུག་དང་ ལྕགས་གླིང་གི་མི་སེར་ སྡེ་ཚན་གཅིག་གིས་ཡང་ བློན་ཆེན་འབད་སར་ བཅར་ཡོདཔ་ད་ རྫོང་ཁག་ཚོགས་འདུ་གི་གྲོས་ཆོད་གུ་ ལགཔ་རྐྱབ་ཡོད་མེད་ཀྱི་ བདེན་རྫུན་ཕྱེ་ནིའི་དོན་ལུ་ སྤྱི་ཟླ་༧ པའི་ཚེས་༢༧ ལུ་ རྫོང་ཁག་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡི།

ཉིན་གྲངས་༣ གྱི་ནང་འཁོད་ བདག་སྐྱོང་དང་འབྲེལ་བའི་ གནད་དོན་ཅིག་འབདཝ་ལས་ ཁྲིམས་མདུན་གྱིས་ ཕྱིར་བཏོན་འབད་ཡོདཔ་ད་ རྫོང་ཁག་ཚོགས་འདུ་གིས་འབད་རུང་ གཞུང་གིས་ཐག་བཅད་མིའི་གུ་ ངོས་ལེན་འབད་ཡོདཔ་ཨིན་པས།

བཀྲིས་གཡང་རྩེ་རྫོང་ཁག་ནང་འབད་བ་ཅིན་ རྫོང་ཁག་ཁྲིམས་འདུན་གྱིས་ འབུམ་སྡེ་གླིང་རྒཔོ་གསརཔ་ ཡེ་ཤེས་རྡོ་རྗེ་ལུ་ ཡིག་ཆ་རྫུས་མ་བཟོ་བའི་ ཉེས་པ་ལུ་བརྟེན་ བརྩོན་ཁྲིམས་ལོ་༣ བཀལ་ཡོདཔ་ད་ ཁོ་གིས་ ཡིག་ཆ་རྫུས་མ་བཟོ་ཐོག་ལས་ སྐྱིན་འགྲུལ་ལེན་ཡོདཔ་ཨིན་པས།

དུས་མིན་བཙག་འཐུ་ལས་གྲུབ་མི་ རྒཔོ་གསརཔ་བཙོན་ཁྲིམས་ཕོག་མི་ལུ་བརྟེན་ སྤྱི་ཟླ་༡༡ པའི་ཚེས་༡༩ ལུ་ ད་རུང་ དུས་མིན་བཙག་འཐུ་ འགོ་འདྲེན་འཐབ་ཡོདཔ་ད་ གངས་མཁར་གདུང་ལས་ཨིན་མི་ ཕུརཔ་འཕྲིན་ལས་དེ་ འབུམ་སྡེ་གླིང་གི་ རྒཔོ་༣ པ་སྦེ་ བཙག་འཐུ་གྲུབ་ཅི།

སྤྱི་ལོ་༢༠༡༦ ལུ་ བཙག་འཐུ་གྲུབ་མི་ རྒཔོ་མ་ཎི་དབང་གྲགས་དེ་ ན་ཚོད་མ་སྨིན་པའི་བུམོ་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་བའི་ ཉེས་པ་ལུ་བརྟེན་ བཙོན་ཁྲིམས་ལོ་༡༢ ཕོག་ཡོདཔ་ད་ ལོ་༥ འི་ནང་འཁོད་ རྒཔོ་༣ སོར་དགོཔ་བྱུང་ཡོདཔ་ཨིན་པས།

ལོ་༦ ལྷགཔ་ཅིག་ ཡུན་འགྱངས་ལུས་མི་ མཁོ་ལོང་ཆུ་གློག་མེ་ལས་འགུལ་དེ་ འགོ་བཙུགས་ཐབས་ལུ་ ན་ཧིང་གི་ལོ་ནང་ འབྲུག་གཞུང་དང་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ དེ་ལས་ རྒྱ་གཞུང་གི་བར་ན་ མཉམ་འབྲེལ་གྱི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡི།

གོང་ཚད་དང་ ཆིངས་ཡིག་གུ་ སྟབས་མ་བདེཝ་ཡོད་ནི་དེ་གིས་ ཡུན་འགྱངས་ལུས་ཡོདཔ་ད་ གློག་ཤུགས་མེ་ག་ཝཱཊ་༦༠༠ འབད་མི་ལས་འགུལ་དེ་ བསྒྲུབ་པའི་བསྒང་ལས་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་ས་ཡ་༡༥༦༨.༨༨ དེ་ཅིག་ བཟོ་ཚུགས་ནི་ཨིན་པས།

རིན་ཆེན་སྒང་དང་ ཁྱིམ་ས་སྙིང་པ་ དེ་ལས་ མཁའ་སྦེར་གཡུས་ཚན་ཚུ་ བཀྲིས་གཡང་རྩེ་ཁྲོམ་ རྒྱ་སྐྱེད་ས་ཁོངས་ནང་ བཙུགས་འོང་ཟེར་མི་ལུ་ གྲོང་གསེབ་ཀྱི་ མཐུན་རྐྱེན་ཚུ་མི་འཐོབ་ནི་མས་ཟེར་ རྫོང་ཁག་བདག་སྐྱོང་ལུ་ ཁྲོམ་གྱི་ས་ཁོངས་ནང་ལས་ བཏོན་དགོ་པའི་ཡི་གུ་ཐེངས་༢ བཙུགས་དགོཔ་ཐོན་ཡི།

རྒྱལ་ཁབ་ནང་ ནད་ཡམས་ཐོན་པའི་ཤུལ་ལས་ མི་སེར་ཚུ་ འདྲོག་བྱེལ་ཐོག་ལུ་ར་ སྡོད་དགོཔ་ཐོན་ཡོདཔ་མ་ཚད་ འགྲོ་འགྲུལ་བཀག་དམ་ལུ་བརྟེན་ སྟབས་མ་བདེཝ་བྱུང་རུང་ རྫོང་ཁག་༢ ནང་ ནད་ཡམས་འཐོན་ནི་ལས་ བཀག་འཛིན་འབད་ཚུགས་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།


རླུང་འཚུབས་ཀྱིས་ གནོད་སྐྱོོན་རྐྱབ་མི་ གེ་ཟ་ཞིང།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *