བཀྲིས་སྒང་གི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་༨ གདམ་འཐུ་གྲུབ་ཡོདཔ།

༉ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཀྲིས་སྒང་རྫོང་ཁག་ལས་ འདེམས་ངོ་༨ ཀྱིས་ དོ་འགྲན་འབད་ནི་ཨིན་པས།
བཀྲིས་སྒང་གི་ རྒེད་འོག་༡༥ དང་ ཁྲོམ་སྡེའི་གྲས་ལས་ གདམ་ངོའི་འཛོམས་འདུ་སྐབས་ རྒེད་འོག་༨ ལས་ དང་འདོད་ཅན་གྱི་ འདེམས་ངོ་༩ གྱིས་ བསྐྱར་ཞིབ་ཚོགས་ཁང་གི་ གོ་གནས་དོན་ལུ་ དོ་འགྲན་འབད་ནུག།
ར་ལྡི་རྒེད་འོག་རྐྱངམ་གཅིག་ནང་ དང་འདོད་ཅན་གྱི་ འདེམས་ངོ་༢ ཐོན་ཡོདཔ་བཞིན་དུ་ བསོད་ནམས་སྟོབས་རྒྱས་ཀྱིས་ ཚོགས་རྒྱན་༣༧༠ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་བཞིན་དུ་ དོ་འགྲན་པ་གཞན་ སངས་རྒྱས་བསྟན་འཛིན་གྱིས་ ཚོགས་རྒྱན་༢༡༧ ལས་བརྒལ་ ཐོབ་མ་ཚུགསཔ་ཨིན་པས།
རྒེད་འོག་དེ་ནང་ གདམ་ངོའི་འཛོམས་འདུ་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༤ ལུ་ འགོ་འདྲེན་འཐབ་ཡོདཔ་ད་ བཀྲིས་སྒང་རྫོང་ཁག་ནང་ གདམ་ངོའི་འཛོམས་འདུ་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༡ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ རྒེད་འོག་དེ་ནང་ལས་ ཨོ་རྒྱན་ཕུན་ཚོགས་ཀྱིས་ དགོ་ཟེར་མི་ ཚོགས་རྒྱན་༢༡༥ དང་ མི་དགོ་༤༡ ཐོབ་སྟེ་ གདམ་འཐུ་གྲུབ་ནུག།
ཝམ་རོང་འདེམས་ཁོངས་ལས་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་བགྲེསཔ་ ལྷ་ཀྲུ་གིས་ ཚོགས་རྒྱན་ཡོངས་བསྡོམས་༤༧༥ ལས་༤༣༦ ཐོབ་སྟེ་ ཀླུ་མང་རྒེད་འོག་ལས་ གདམ་འཐུ་གྲུབ་ཡོདཔ་བཞིན་དུ་ རྡོ་རྗེ་དབང་ཕྱུག་གིས་ གདམ་ངོའི་འཛོམས་འདུ་སྐབས་ སྦིས་གདུང་རྒེད་འོག་ལས་ དགོ་ཟེར་བའི་ཚོགས་རྒྱན་༡༡༢ དང་ མི་དགོ་༢༧ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བསམ་མཁར་རྒེད་འོག་གི་ མི་སེར་ཚུ་གིས་ འཇམ་དབྱངས་ལུ་ ཚོགས་རྒྱན་ཡོངས་བསྡོམས་༤༥༦ ལས་༤༠༩ བཙུགས་ཏེ་ གདམ་འཐུ་འབད་ཡོདཔ་ད་ ཨོ་རྒྱན་རྡོ་རྗེ་གིས་ ཚོགས་རྒྱན་དགོ་༣༣༠ དང་ མི་དགོ་༤༨ ཐོབ་སྟེ་ ཁྲིམས་ཤིང་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ གདམ་འཐུ་འབད་ནུག།
པདྨ་དབང་དྲག་གིས་ ཚོགས་རྒྱན་དགོ་༢༢༢ དང་ མི་དགོ་༣༢ ཐོབ་སྟེ་ ཨུ་མཛོ་རོང་རྒེད་འོག་ལས་ གདམ་འཐུ་གྲུབ་ཡོདཔ་ད་ ད་ལྟོའི་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ བསོད་ནམས་ཀུན་དགའ་དེ་ ལོག་དོ་འགྲན་མི་འབད་ནི་ཨིནམ་ལས་ གདམ་ངོའི་འཛོམས་འདུ་སྐབས་ གཤོང་ཕུག་རྒེད་འོག་ལས་ ཆོས་སྐྱིད་དབང་ཕྱུག་གིས་ ཚོགས་རྒྱན་དགོ་༢༣༠ དང་ མི་དགོ་༢༦ ཐོབ་སྟེ་ གདམ་འཐུ་འབད་ཡོདཔ་ཨིན་པས།
ཚོགས་རྒྱན་བཙུགས་པར་ འོང་མིའི་ཐད་ཁར་ རྒེད་འོག་༨ དང་ཕྱདཔ་ད་ ཀླུ་མང་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་༤༧༥ དང་ བསམ་མཁར་རྒེད་འོག་ནང་༤༥༦ འོང་མི་དེ་ མཐོ་ཤོས་ཅིག་ཨིན་པས།
བཀང་ལུང་དང་ རྐང་པ་ར་ མཁའ་གླིང་ མེ་རག་ ཕོངས་མེད་ སག་སྟེང་ ཡང་གཉེར་རྒེད་འོག་ དེ་ལས་ ཁྲོམ་སྡེ་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དང་འདོད་ཅན་གྱི་ འདེམས་ངོ་ཐོན་མི་ མེདཔ་ཨིན་པས།
རྫོང་ཁག་གི་ བཙག་འཐུ་ཡིག་ཚང་དང་འཁྲིལཝ་ད་ རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༤༧,༠༠༠ དེ་ཅིག་ཡོད་རུང་ གདམ་ངོའི་འཛོམས་འདུ་སྐབས་ ཚོགས་རྒྱན་བཙུགས་མི་༢,༧༩༡ ལས་བརྒལ་ འོང་མ་བཏུབ་བཞིན་དུ་ རྫོང་ཁག་ནང་ གདམ་ངོའི་འཛོམས་འདུ་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༥ ལུ་ མཇུག་བསྡུ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *