ས་ཙ་ལོ་ལུ་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་ནང་ ལུད་བཟོ་བསྒྱུར་ཁང་རྐྱབ་པའི་བསྒང་།

བཀྲིས་སྒང་ཁྲོམ་སྡེ་ཡིག་ཚང་གིས་ ཕྱགས་སྙིགས་ལས་ ལུད་བཟོ་ནིའི་དོན་ལུ་ ལཱ་འགོ་བཙུགས་ཡོདཔ།

༉ བཀྲིས་སྒང་ཁྲོམ་ཁར་ ཕྱགས་སྙིགས་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ ཁྲོམ་སྡེ་ཡིག་ཚང་གིས་ རུལ་བཏུབ་མི་དང་ རུལ་མ་བཏུབ་པའི་ ཕྱགས་སྙིགས་ཚུ་ ཕྱིར་སེལ་རྐྱབ་སྟེ་ ལུད་བཟོ་ནི་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༠༦ དེ་ཅིག་ཁར་བཟོ་མི་ ཕྱགས་སྙིགས་བླུགས་སའི་དོང་དེ་ ཕྱགས་སྙིགས་རག་རོ་ཚུ་གིས་ གང་ཡོདཔ་མ་ཚད་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་འོས་ལྡན་ཅིག་ འཚོལ་མ་ཐོབ་ནི་དེ་གིས་ ཕྱགས་སྙིགས་མར་ཕབ་ཀྱི་ ལྷན་ཐབས་ལུ་ ལུད་བཟོ་བསྒྱུར་ཁང་རྐྱབ་ནི་ འགོ་བཙུགས་ནུག།

ད་ལྟོ་ ཕྱགས་སྙིགས་བཀོག་སའི་ ས་དོང་དེ་ བཀྲིས་སྒང་ཁྲོམ་ཁ་ལས་ རང་བྱུང་ཁ་ཐུག་ ཀི་ལོ་མི་ཊར་༤ དེ་ཅིག་གི་ས་གནས་ ཀ་རུ་ན་རོ་ཁྱི་གསོ་ཁང་གི་འོག་ལུ་ བཟོ་སྟེ་འདུག།

བཀྲིས་སྒང་ཁྲོམ་ཁ་ལས་ བདུན་ཕྲག་རེ་ནང་ ཁྲོམ་སྡེའི་ཕྱགས་སྙིགས་སྣུམ་འཁོར་གྱིས་ རུལ་བཏུབ་མི་དང་ རུལ་མ་བཏུབ་མི་ ཕྱགས་སྙིགས་ཚུ་ ཚར་གཉིས་རེ་ བསྡུ་ལེན་འབདཝ་ད་ ཕྱགས་སྙིགས་མེ་ཊིག་ཊཱན་༨ དེ་རེ་ ཐོན་དོ་ཡོདཔ་ཨིན་པས།

ཁྲོམ་གྱི་འཆར་གཞི་རྩམ་མི་ ཀུན་ལེགས་སྒྲོལ་མ་གྱིས་ སླབ་མིའི་ནང་ ཕྱགས་སྙིགས་བླུགས་སའི་ས་དོང་ སྤོ་ནིའི་དོན་ལུ་ གཞུང་ས་ཅིག་ འཚོལ་མ་ཐོབ་ལས་ ཁྲོམ་སྡེ་གིས་ རུལ་བཏུབ་པའི་ ཕྱགས་སྙིགས་ལས་ ལུད་བཟོ་ནིའི་ གདམ་ཁ་རྐྱབ་ཅི་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ད་རེས་ ཕྱགས་སྙིགས་ག་ཅི་ཨིན་རུང་ ཕྱགས་སྙིགས་བླུགས་སའི་ ས་ཁོངས་ནང་ བཀོག་དོ་ཡོདཔ་ལས་ ཕྱགས་སྙིགས་ཕྱིར་སེལ་རྐྱབ་སྟེ་ རུལ་བཏུབ་པའི་ ཕྱགས་སྙིགས་ལས་ ལུད་བཟོ་བའི་བསྒང་ལས་ ཕྱགས་སྙིགས་མར་ཕབ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

ཁྲོམ་སྡེའི་འགོ་དཔོན་གྱིས་ བཀྲིས་སྒང་ཁྲོམ་ཁར་ མི་རློབས་ཡར་སེང་འགྱོ་མི་དང་འབྲེལ་ ཕྱགས་སྙིགས་ཚུ་ཡང་ ཡར་འཕར་སོང་ཡོདཔ་ལས་ ཕྱགས་སྙིགས་ས་ཁོངས་ནང་ ཕྱགས་སྙིགས་ཀྱིས་གང་སྟེ་ཡོད་ཟེར་ བཤད་པའི་ཁར་ ཕྱགས་སྙིགས་ཚུ་ ཕྱིར་སེལ་རྐྱབ་ནིའི་ གོ་བརྡ་ལས་རིམ་ཡང་ཡོད་ཟེར་ བཤདཔ་ཨིན་པས།

གོང་འཕེལ་ཚད་འཛིན་འགོ་དཔོན་ བསོད་ནམས་ཆོས་འགྱུར་གྱིས་འབད་བ་ཅིན་ བཀྲིས་སྒང་ཁྲོམ་ལས་ཐོན་མི་ རུལ་བཏུབ་པའི་ ཕྱགས་སྙིགས་ལས་ ལུད་བཟོ་ནི་ འགོ་བཙུགས་པའི་བསྒང་ལས་ རུལ་བཏུབ་པའི་ ཕྱགས་སྙིགས་བརྒྱ་ཆ་༥༠ དེ་ཅིག་ མར་འབབ་འགྱོ་འོང་ཟེར་ཨིན་པས།

ལྷག་ལུས་ཕྱགས་སྙིགས་ བརྒྱ་ཆ་༥༠ ལས་ ཕྱགས་སྙིགས་ཆ་ཤས་ཅིག་ ལོག་བཀོལ་སྤྱོད་འབདཝ་ད་ རུལ་མ་བཏུབ་པའི་ ཕྱགས་སྙིགས་ཚུ་ ཕྱགས་སྙིགས་བླུགས་སའི་ ས་ཁོངས་ནང་ བཀོ་དགོཔ་འཐོན་འོང་ཟེར་ཨིནམ་ད་ ཕྱགས་སྙིགས་ཕྱེད་ཀ་ཅིག་ མར་ཕབ་འབད་ཚུགས་པ་ཅིན་ བཀྲིས་སྒང་ཁྲོམ་ཁར་ ཕྱགས་སྙིགས་བདག་འཛིན་འབད་མ་ཚུགས་པའི་ དཀའ་ངལ་མི་འབྱུང་ཟེར་ བསོད་ནམས་ཆོས་འགྱུར་གྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཕྱགས་སྙིགས་ལས་ ལུད་བཟོ་ནིའི་ དམིགས་གཏད་ངོ་མ་ར་ ཁྲོམ་སྡེའི་ནང་ ཕྱགས་སྙིགས་མར་ཕབ་དང་ བཀག་ཐབས་ཀྱི་དོན་ལུ་ཨིནམ་བཞིན་དུ་ ལས་འགུལ་དེ་ མཐར་འཁྱོལ་བྱུང་པ་ཅིན་ སྦུག་ན་དང་ རོང་ཐུང་གི་ ཕྱགས་སྙིགས་བླུགས་སའི་ ས་ཁོངས་གཉིས་ནང་ཡང་ ལུད་བཟོ་ས་ བཟོ་ནི་ཨིན་པས།

ཁྲོམ་སྡེའི་ཕྱགས་སྙིགས་བསྡུ་ལེན་འགྲུལ་འཁོར་གཉིས་ཀྱིས་ བཀྲིས་སྒང་ཁྲོམ་གྱིས་མ་ཚད་པར་ ལྷོ་ཕྱོགས་བཀང་ལུང་ཁྲོམ་དང་ བྱང་ཕྱོགས་རང་བྱུང་ཁྲོམ་གཉིས་ལས་ཡང་ ཕྱགས་སྙིགས་བསྡུ་ལེན་འབད་དོ་ཡོདཔ་ཨིན་པས།

ཁྲོམ་སྡེ་གིས་ ཕྱགས་སྙིགས་ལས་ ལུད་བཟོ་ནི་ འགོ་བཙུགསཔ་ད་ རུལ་བཏུབ་མི་དང་ རུལ་མ་བཏུབ་པའི་ ཕྱགས་སྙིགས་བསྡུ་ལེན་འབད་ནིའི་ རེའུ་མིག་ཅིག་ཡང་ བཟོ་ནི་ཨིན་པས།

ས་གནས་ས་ཙ་ལོ་ལུ་ ལུད་བཟོ་ནིའི་དོན་ལུ་ ས་དོང་དང་ མཐུན་རྐྱེན་གཞན་བཙུགས་ནིའི་ལུ་ དངུལ་ཀྲམ་ས་ཡ་༡.༣ དེ་ཅིག་བཞག་ཡོདཔ་ཨིན་པས།

ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ ཕྱགས་སྙིགས་བླུགས་སའི་ ས་ཁོངས་༣ ནང་ ཕྱགས་སྙིགས་ཚུ་ ས་དོང་ནང་ བཙུགས་ནི་དང་ ཕྱགས་སྙིགས་བླུགས་ས་བཟོ་བའི་སྐབས་ ལོ་བསྟར་བཞིན་དུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༠.༢ དེ་རེ་གནསཔ་མས་ཟེར་ཨིནམ་ད་ ས་ཙ་ལོ་ལུ་ ཕྱགས་སྙིགས་ལས་ ལུད་བཟོ་བའི་བསྒང་ལས་ དངུལ་ཀྲམ་ས་ཡ་༠.༡ དེ་ཅིག་ གསོག་འཇོག་འབད་ཚུགས་ནི་མས་ཟེར་ བཤདཔ་ཨིན་པས།

ཕྱགས་སྙིགས་བླུགས་ས་གཞན་ རོང་ཐུང་དང་ ཝམ་རོང་ དེ་ལས་ རང་བྱུང་ཁྲོམ་གྱི་དོན་ལུ་ ས་གནས་སྦུག་ན་བརྩིས་ཏེ་ བཀྲིས་སྒང་རྫོང་ཁག་ནང་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་༣ ཡོདཔ་ཨིན་པས།

ཁྲོམ་སྡེ་ཡིག་ཚང་གིས་ བརྡ་བྱང་གུ་ ཕྱགས་སྙིགས་ག་ལྷོད་སར་ བཀོ་མི་རེ་ འཐོན་པ་ཅིན་ ཉེས་ཆད་དངུལ་ཀྲམ་༥༠༠ རེ་ བཀལ་ནི་ཟེར་ བྲིས་བཞག་རུང་ མི་ཚུ་གིས་ ཚུལ་མིན་ཐོག་ལས་ ཕྱགས་སྙིགས་བཀོགཔ་མས་ཟེར་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *