བཀྲིས་སྒང་ཁྲོམ།

བཀྲིས་སྒང་ཁྲོམ་གྱི་ ཉེན་སྲུང་དོན་ལུ་ པར་ཆས་སི་སི་ཊི་བི་ཚུ་ བཙུགས་ནི།

༉ བཀྲིས་སྒང་ལུ་ ཐོག་ཚད་༢ འབད་མི་ སྣུམ་འཁོར་བཞག་ཁང་གསརཔ་དེ་ནང་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་ནིའི་དོན་ལུ་ ཁྲོམ་སྡེ་ཡིག་ཚང་གིས་ ཟླཝ་འདི་རྫོགས་ཁམས་ཅིག་ལས་ ཉེན་སྲུང་དོན་ལུ་ པར་ཆས་སི་སི་ཊི་བི་༡༡ བཙུགས་ནི་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཁོར་ལམ་ཁར་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་ སེལ་ཐབས་དོན་ལུ་ བཀྲ་ཤིས་སྒང་ཁྲོམ་ལྟགམ་ནང་ སྡོད་མི་ཚུ་གིས་ རང་སོའི་སྣུམ་འཁོར་ཚུ་ སྣུམ་འཁོར་བཞག་ཁང་གི་ འོག་ཐོག་ལུ་ བཞག་དགོ་ཟེར་ཨིན་པས།
ཁྲོམ་སྡེ་ཡིག་ཚང་གི་ བཟོ་རིག་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཉེན་སྲུང་གི་དོན་ལུ་ སྣུམ་འཁོར་བཞག་ཁང་དེ་ནང་ འོག་ཐོག་ལུ་ པར་ཆས་སི་སི་ཊི་་བི་༨ བཙུགས་ནི་ཨིན་པའི་ཁར་ གློག་མེའི་ཞབས་ཏོག་ཚུ་ཡང་ གཞི་བཙུགས་འབད་ནི་ཟེར་ཨིན་པས།
ད་རུང་ སི་སི་ཊི་བི་༡ སྟེང་ཐོག་གི་ སྣུམ་འཁོར་བཞག་ཁང་ནང་ བཙུགས་ནི་ཨིནམ་མ་ཚད་༢ མི་ཐི་གྲང་ཟམ་དང་ མི་མང་སྐྱེལ་འདྲེན་བཱསི་བཞག་སའི་ས་ཁོངས་ནང་ བཙུགས་ནི་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་རུང་ མི་མང་གི་དགོས་མཁོ་དང་བསྟུན་ དེ་བཟུམ་མའི་པར་ཆས་༣ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཁྲོམ་སྡེའི་འཐུས་མི་ འཕྲིན་ལས་རྣམ་རྒྱས་ཀྱིས་ སླབ་མིའི་ནང་ མཐུན་རྐྱེན་དེ་གིས་ སྣུམ་འཁོར་གྱི་ ཉེན་སྲུང་རྐྱངམ་གཅིག་ ཕན་ཐོགས་འབྱུང་ནི་ཨིནམ་མ་ཚད་ ད་རེས་ནངས་པར་ ཕྱགས་སྙིགས་ག་ལྷོད་བཀོག་མིའི་ དཀའ་ངལ་ཡོད་མི་དེ་ཡང་ ལྟ་རྟོག་འབད་ནི་ལུ་ ཕན་ཐོགས་ནི་མས་ཟེར་ཨིན་པས།
འཕྲིན་ལས་རྣམ་རྒྱས་ཀྱིས་ སླབ་མིའི་ནང་ ཁྲོམ་ཁར་ ཨར་རྐུན་དང་འབྲེལ་བའི་ཉེས་ལས་དང་ ཁྲིམས་འགལ་གྱི་བྱ་ངན་ཚུ་ བཀག་ཆ་འབད་ནི་ལུ་ཡང་ ཕན་ཐོགས་འོང་ཟེར་ཨིན་པས།
པར་ཆས་ཚུ་ གཞི་བཙུགས་འབད་ཚར་བའི་ཤུལ་ལས་ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱིས་ ལྟ་རྟོག་འབད་ནི་ཨིན་པས།
པར་ཆས་སི་སི་ཊི་བི་ཚུ་ གཞི་བཙུགས་ཀྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༠.༢༦ དེ་ཅིག་ གནས་ནི་ཨིན་པས།
ད་རུང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་དང་ ཁྲོམ་སྡེ་ དེ་ལས་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་ཡོད་པའི་ ཚོགས་ཆུང་གིས་ འདས་པའི་བདུན་ཕྲག་ནང་ གླ་འཁོར་ཚུ་ཡང་ བཞག་ཁང་གསརཔ་ནང་ སྤོ་བཤུད་འབད་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
བཀྲ་ཤིས་སྒང་གླ་འཁོར་ཚོགས་པ་ ཚེ་དབང་རྡོ་རྗེ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ ཐབས་ཤེས་བཏོན་མི་དེ་ གླ་འཁོར་བཏང་མི་ཚུ་གི་དོན་ལུ་ གནས་ཚུལ་བཟང་པོ་ཅིག་ཨིན་མས་ཟེར་ ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ཚུ་དང་འཁྲིལཝ་ད་ སྣུམ་འཁོར་བཞག་སའི་ ཐིག་འཐེན་པའི་བསྒང་ལས་ ད་ལྟོ་ འཁོར་ལམ་བདའ་སྟེ་བཞག་མི་ སྣུམ་འཁོར་ཚུ་ བཞག་མི་བཅུག་ནི་ཨིནམ་ལས་ བཀྲ་ཤིས་སྒང་ཁྲོམ་ཁར་ སྣུམ་འཁོར་བཞག་ས་མེད་པའི་དཀའ་ངལ་དེ་ བསལ་ཚུགས་ཟེར་ཨིན་པའི་ གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *