བཀྲིས་སྒང་ལུ་ ཁྲོམ་ལམ་བདའ་སྟེ་ ཚོད་བསྲེ་བཙོང་མི་ སོ་ནམ་པ་ཚུ།

བཀྲིས་སྒང་ཁྲོམ་ཁར་ སོ་ནམ་པ་ཚུ་གིས་ ལམ་བདའ་སྟེ་ཚོད་བསྲེ་བཙོང་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ།

༉ བཀྲིས་སྒང་ཁྲོམ་གྱི་སྦུག་ལུ་ མི་ཐི་བྲང་རོང་ཆུ་བབས་སའི་ ལམ་ཁར་ཡོད་མི་ ཚོད་བསྲེ་བཙོང་སའི་ ས་ཁོངས་ནང་ ཚོད་བསྲེ་ཧོནམོ་ཚུ་གིས་ ལྟེམ་ལྟེ་སྦེ་ གང་ཡོད་སར་ མཐོངམ་ཨིན་པས།

ས་ཁོངས་དེ་ནང་ རམ་འཇར་དང་ གོང་ཐུང་གི་ སོ་ནམ་པ་ཚུ་གིས་ གཡུས་ཚན་ཚུ་ནང་ལས་ ཐོན་སྐྱེད་འབད་མི་ ཚོད་བསྲེའི་རིགས་ཚུ་ ལམ་བདའ་སྟེ་ བཙོང་དོ་ཡོདཔ་ད་ དེ་ཡང་ ཧེ་མ་ག་གིས་ བཙོང་ཚརཝ་ཅིག་ ལོག་ཁྱིམ་ནང་ ཧ་སུ་སྦེ་ ལྷོད་ཚུགས་དོ་ཡོདཔ་ཨིན་རུང་ ཚོད་བསྲེ་བཙོང་ནི་དེ་ འཇམ་ཏོང་ཏོ་ཅིག་ མེདཔ་ཨིན་པས།

ཉིམ་ཤར་བའི་ཁར་ ཐལཝ་གིས་གང་ཡོད་པའི་ ལམ་བདའ་སྟེ་ ཚོད་བསྲེ་བཙོང་མི་ སོ་ནམ་པ་ཚུ་གིས་ ཚོད་བསྲེ་ཚུ་ གཙང་ཏོག་ཏོ་སྦེ་བཞག་ནི་གི་ རྩིས་རྐྱབ་དོ་ཡོདཔ་ད་ སོ་ནམ་པ་ཚུ་གིས་ ལྷག་ལུས་ཚུ་ག་ར་ རྒྱབ་ཁར་ཡོད་མི་ རོང་ཆུ་དེ་ནང་ བཀོག་བཏང་དོ་ཡོདཔ་ཨིན་པས།

གཡུས་ཚན་ཚུ་ནང་ལས་ ཐོན་སྐྱེད་འབད་མི་ ཚོད་བསྲེའི་རིགས་ཚུ་ བཙོང་ནིའི་དོན་ལུ་ ཁྲོམ་གྱི་ཚོད་བསྲེ་བཙོང་སའི་ འོག་ཐོག་དེ་ བཞག་ཡོད་རུང་ མི་ཚུ་གིས་ ལག་ལེན་མི་འཐབ་དོ་ཡོདཔ་ད་ སོ་ནམ་པ་ཚུ་གིས་ ལམ་བདའ་སྟེ་ བཙོང་ནི་ལུ་ གདམ་ཁ་རྐྱབ་ཨིན་པས།

དེ་གིས་ ཁྲོམ་ཁར་ཡོད་མི་ ཚོད་བསྲེ་བཙོང་མི་ཚུ་ལུ་ ཐོ་ཕོག་དོ་ཡོདཔ་ད་ དེ་ཡང་ སོ་ནམ་པ་ཚུ་གིས་ ཁྲོམ་ནང་འོང་སའི་ ལམ་ཁར་བཙོང་དོ་ཡོདཔ་ལས་ མི་ཚུ་གིས་ དེ་ནང་ལས་ ཉོ་འབག་ནི་དེ་གིས་ཨིན་པས།

ཁྲོམ་ཁར་ ཚོད་བསྲེ་བཙོང་མི་ཅིག་གིས་ སླབ་མིའི་ནང་ སོ་ནམ་པ་ཚུ་གིས་ དེ་སྦེ་བཙོང་མི་ལུ་ ངལ་མ་རངསམ་མེད་རུང་ བཙོང་སའི་ས་ཁོངས་ནང་འོང་སྟེ་ བཙོང་པ་ཅིན་ ཚོང་ཉོ་མི་ག་ར་གིས་ འཐོབ་ཚུགས་ནི་མས་ཟེར་ཨིན་པས།

ད་རེས་ ས་ཁོངས་དེ་ནང་ རྒྱ་གར་ལས་ཐོན་མི་དང་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་ཚུ་ བཙོང་མི་༨ ཡོདཔ་ད་ ཚོང་པ་གཞན་ཚུ་བཟུམ་སྦེ་ ང་བཅས་ཡང་ ཁྲལ་བཏབ་དོ་ཡོད་རུང་ ལམ་བདའ་བཙོང་ནི་དེ་གིས་ འཕྲལ་འཕྲལ་ར་ ཚོད་བསྲེ་ཉོ་མི་ ཕུད་རྡོག་གཅིག་ཡང་ མི་འོང་པས་ཟེར་ སླབ་ཨིན་པས།

ཚོད་བསྲེ་བཙོང་མི་ཚུ་གིས་ སླབ་མིའི་ནང་ འདས་པའི་ལོ་དང་ཕྱདཔ་ད་ དུས་ཅི་ ཚོད་བསྲེ་ཉོ་མི་ ལེ་ཤ་གིས་ མར་བབས་སོང་ཡི་ཟེར་ཨིནམ་ད་ དེ་ཡང་ ས་གནས་ནང་ལས་ ཚོད་བསྲེ་ཐོན་སྐྱེད་འབད་དེ་ བཙོང་མི་ཚུ་གིས་ ཚོད་བསྲེ་བཙོང་ཁང་དེ་ ཁོང་གི་བཞེས་སྒོ་འབད་ས་དང་ ཞག་ཉལ་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོད་པའི་ཁར་ ལ་ལོ་ཅིག་གིས་ རྒྱ་གར་ལས་ ནང་འདྲེན་འབད་མི་ སྒོགཔ་དང་ བླམ་བན་ད་ཚུ་ བཙོང་མི་དེ་ལུ་ ངོས་ལེན་མེད་ཟེར་ ཁྲོམ་ཁར་ ཚོད་བསྲེ་བཙོང་མི་ཚུ་གིས་ བཤད་ནི་འདུག།

ལམ་བདའ་སྟེ་ ཚོད་བསྲེ་བཙོང་མི་ རམ་འཇར་ལས་ཨིན་མི་ རྡོ་རྗེ་གིས་ སླབ་མིའི་ནང་ ཚོད་བསྲེ་བཙོང་ཁང་ནང་ ཚོང་མགྲོན་པ་ག་ཡང་ འོང་ནི་མེདཔ་ལས་ བྱ་ཐབས་མེད་པར་ བཙོང་སའི་ས་ཁོངས་སོར་ཡི་ཟེར་ཨིནམ་ད་ ལམ་བདའ་སྟེ་ ཚོད་བསྲེ་བཙོང་ནི་དེ་ ཧེ་མ་ལས་ར་ འདུག་ཟེར་ཨིན་པས།

ཚོད་བསྲེ་བཙོང་ནིའི་ཐད་ཁར་ ལམ་བདའ་སྟེ་བཙོང་མི་དེ་ དྲག་པས་ཟེར་ ཁོ་གིས་བཤད་པའི་ཁར་ གོང་ཐུང་ལས་ཨིན་མི་ པདྨ་དབྱངས་འཛོམས་ཀྱིས་ཡང་ ཚོད་བསྲེ་བཙོང་ཁང་ནང་ བཙོང་པའི་སྐབས་ བཙོང་ཚུགས་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།

ང་བཅས་སོ་ནམ་ཚུ་ག་ར་ ལམ་ཐག་རིང་ས་ལས་ འོང་འབབ་དུམ་གྲ་རེ་ བཟོ་ཚུགས་པའི་ རེ་བ་བསྐྱེད་དེ་ འོང་ཡོདཔ་ལས་ ཚོད་བསྲེ་བཙོང་ཁང་ནང་ ཚོང་མགྲོན་པ་ཚུ་ འོང་ནི་མེདཔ་ད་ ཚོད་བསྲེ་ཚུ་ མེདཔ་ཐལ་ནིའི་ ཉེན་ཁ་འདུག་ཟེར་ སླབ་ཨིན་པས།

ཁྲོམ་སྡེ་གི་ བཟོ་རིག་འགོ་དཔོན་གྱིས་འབད་བ་ཅིན་ ལམ་བདའ་སྟེ་ ཚོད་བསྲེ་བཙོང་ནི་དེ་ ཁྲིམས་འགལ་ཨིན་རུང་ མི་ཚུ་གིས་བཙོང་དོ་ཡོདཔ་ད་ ཉེས་བྱ་བཀལ་ནིའི་ ལམ་ལུགས་ཡོད་རུང་ མི་འབད་ཟེར་ཨིནམ་ད་ ཨིན་རུང་ མི་ཚུ་གིས་ སེམས་བསྒྱུར་བཅོས་འབད་དགོཔ་ཡོད་ཟེར་ཨིན་པས།

མོ་གིས་སླབ་མིའི་ནང་ ཁྲོམ་གྱི་ས་ཁོངས་ཚུ་ ཧིང་སངས་ས་སྦེ་ བཞག་ཐབས་ལུ་ གོ་བརྡ་སྤྲོད་དགོཔ་ཡོད་ཟེར་ཨིནམ་ད་ ཁྲོམ་སྡེ་འཐུས་མི་ འཕྲིན་ལས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཚོད་བསྲེ་བཙོང་མི་ཚུ་ལུ་ ཉེན་བརྡ་ག་དེམ་ཅིག་འབད་རུང་ ཚོད་བསྲེ་བཙོང་ཁང་ནང་ལས་ བཙོང་མི་བཏུབ་པས་ཟེར་ཨིན་པས།

འཕྲལ་མགྱོགས་ར་ རྒེད་འོག་ཚུ་ནང་ མི་སེར་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་ནིའི་དོན་ལུ་ ཡི་གུ་གཏང་ནི་ཨིན་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཁྲོམ་སྡེའི་ཁ་ཐུག་ལས་ རྒྱབ་སྐྱོར་མེདཔ་ལས་ དེ་བཟུམ་མའི་ གནས་སྟངས་ཚུ་ ལྟ་རྟོག་འབད་མི་ཚུགས་པས་ཟེར་ཨིན་པས།

ཁྲོམ་སྡེའི་ བཟོ་རིག་འགོ་དཔོན་གྱིས་འབད་བ་ཅིན་ ཁྲོམ་སྡེ་གིས་ གོང་འཕེལ་དང་འབྲེལ་བའི་ ལས་སྣ་ཚུ་ལུ་ ཤུགས་བཏོན་དོ་ཡོདཔ་ལས་ དེ་བཟུམ་མའི་ གནད་དོན་ཕྱམ་ཕྱིམ་ཚུ་ ཁྲོམ་སྡེ་འཐུས་མི་གིས་ ལྟཝ་ཨིན་ཟེར་ སླབ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *