བཀྲིས་སྒང་ཁྲོམ།

བཀྲིས་སྒང་ཁྲོམ་ཁར་ འགྲོ་འགྲུལ་བཀག་དམ་ ཡངས་ཆག་བཏང་རུང་ འགྲོ་འགྲུལ་འབད་མི་གངམ་མེདཔ།

༉ བཀྲིས་སྒང་ལུ་ སྤྱི་ཟླ་༥ པའི་ཚེས་༨ ལུ་ འགྲོ་འགྲུལ་བཀག་དམ་ ཡངས་ཆག་བཏང་པའི་སྐབས་ མི་དང་སྣུམ་འཁོར་ཚུ་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་མེད་རུང་ ཉིནམ་༣ པ་ལས་ འགྲོ་འགྲུལ་འབད་བའི་ མཐོང་གསལ་བྱུངམ་ཨིན་པས།

ཁྲོམ་ཁར་སྡོད་མི་ཚུ་གིས་ སླབ་མིའི་ནང་ ཉིནམ་དང་པའི་སྐབས་ ཕར་ཚུར་འགྲོ་འགྲུལ་འབད་མི་ མ་འཐོན་རུང་ མི་ཚུ་གིས་ འགྲོས་ཀྱིས་སྦེ་ ཁྲོམ་ཁར་འོང་ནི་ འགོ་བཙུགས་ཡི་ཟེར་ཨིན་པས།

ཚོང་པ་དབང་འདུས་ཀྱིས་ འབད་བ་ཅིན་ མི་ཚུ་གིས་ ཕྱི་ཁར་འཐོན་ནི་ འགོ་བཙུགསཔ་དང་འབྲེལ་ གསོ་བའི་སྒྲིག་གཞི་ཚུ་ དམ་དམ་སྦེ་ར་ ལག་ལེན་འཐབ་དགོཔ་ཁག་ཆེ་བས་ཟེར་ཨིནམ་ད་ འགྲོ་འགྲུལ་བཀག་དམ་ནང་ སྡོད་པའི་སྐབས་ལུ་ར་ ཉེན་སྲུང་འདུག་ཟེར་ཨིན་པས།

ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ འགྲོ་འགྲུལ་བཀག་དམ་ ཡངས་ཆག་བཏང་མི་དང་བསྟུན་ སེམས་གཡང་ཟཝ་མས་ཟེར་ཨིནམ་ད་ ལ་ལོ་ཅིག་གིས་ གསོ་བའི་སྒྲིག་གཞི་ལུ་ གནས་མ་བཏུབ་མི་ཡང་ འདུག་ཟེར་ཨིན་པས།

ག་ར་ཨིན་རུང་ གསོ་བའི་སྒྲིག་གཞི་ལུ་ ཚུལ་མཐུན་གནས་པ་ཅིན་ ཁྲིམས་སྲུང་དང་ བདེ་སྲུངཔ་ཚུ་གིས་ ལྟ་རྟོག་འབད་དགོཔ་མིན་འདུག་ཟེར་ཨིནམ་ད་ ཨ་རྟག་ཧར་ལུགས་སྦེ་ ཚོང་འབྲེལ་འཐབ་ནི་དེ་ ལཱ་ཁག་འོང་ནི་མས་ཟེར་ཨིན་པས།

སྦུང་ཚོང་གི་ཐོག་ལས་ ཚོང་ཁང་ཚུ་ནང་ ཚོང་མགྲོན་པ་ཚུ་འོང་ནི་ འགོ་བཙུགས་ཡོད་རུང་ ཟ་ཁང་བཙུགས་མི་ཚུ་གིས་འབད་བ་ཅིན་ ཟ་ཁང་ནང་ ལྟོ་བཟའ་བར་འོང་མི་དེ་ཅིག་ར་ མིན་འདུག་ཟེར་ཨིནམ་ད་ མང་ཤོས་ར་ ཁྱིམ་ནང་སྡོད་ནི་ལུ་ གདམ་ཁ་རྐྱབ་མས་ཟེར་ཨིན་པས།

ཟ་ཁང་བཙུགས་མི་ ཀརྨ་ཆོས་སྒྲོན་གྱིས་འབད་བ་ཅིན་ ཧེ་མ་བཟུམ་སྦེ་ མི་དེ་ཅིག་ར་ འོང་ནི་མིན་འདུག་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ ཉིནམ་རེ་ལུ་༢༠འོང་མི་དེ་ ད་རེས་༦ དང་༥ ལུ་ མར་བབས་སོང་ཡི་ཟེར་ཨིན་པས།

ཁྲོམ་ཁར་ འགོ་དཔོན་ཚུ་གིས་ དམ་དམ་སྦེ་ ལྟ་རྟོག་འབད་དོ་ཡོད་རུང་ ལ་ལོ་ཅིག་གིས་ གསོ་བའི་སྒྲིག་གཞི་ལུ་ མི་གནས་པས་ཟེར་ སྒྲིག་གཡོག་རྒྱུག་མི་ཚུ་གིས་ བཤད་པའི་ཁར་ གསོ་བའི་སྒྲིག་གཞི་ལུ་ ཚུལ་མཐུན་གནས་དགོ་པའི་སྐོར་ལས་ སླབ་དོ་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་འབད་བ་ཅིན་ གཞུང་གིས་ འགྲོ་འགྲུལ་བཀག་དམ་ ལྷོད་ཡངས་འབད་མི་དང་བསྟུན་ མི་སེར་ཚུ་གིས་འབད་རུང་ གཞུང་ལུ་ རྒྱབ་སྐྱོར་འབད་དགོཔ་ཁག་ཆེ་བས་ཟེར་ཨིན་པས།

ཚོང་པ་ ཆོས་སྒྲོན་གྱིས་འབད་བ་ཅིན་ ཁྲོམ་ཁར་ གཡུས་མི་ཚུ་ ཉོ་ཚོང་རྐྱབ་པར་ མ་འོང་མི་དེ་ཡང་ གཡུས་ཁ་ལས་ཕར་ སོ་ནམ་གྱི་ལཱ་ འགོ་བཙུགས་ནི་དེ་གིས་ ཨིནམ་འོང་ནི་མས་ཟེར་ཨིན་པས།

འགྲོ་འགྲུལ་བཀག་དམ་ཐེངས་༢ འབད་བའི་ ཉམས་མྱོང་ལུ་བརྟེན་ སྟབས་མ་བདེཝ་དེ་ཅིག་ར་ མ་ཐོན་ཟེར་ཨིནམ་ད་ དུས་ཅི་འོང་འབབ་དེ་ཅིག་ར་ བཟོ་མི་ཚུགས་ནི་མས་ཟེར་ཨིན་པས།

སྦིས་མཁར་ལས་ གཡུས་མི་ཤེས་རབ་བསྟན་འཛིན་གྱིས་ སླབ་མིའི་ནང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ ཁག་ཆེཝ་མེད་པ་ཅིན་ ཁྲོམ་ཁར་མ་འགྱོ་ཟེར་ ཁ་བཀོད་རྐྱབ་མི་དེ་ལུ་ གནས་ཏེ་ཡོད་ཟེར་ཨིན་པས།

རྫོང་ཁག་ཀོ་བིཌ་༡༩ ལས་བྱེད་ཚོགས་ཆུང་གིས་ གསོ་བའི་སྒྲིག་གཞི་ལུ་ གནས་དགོ་པའི་སྐོར་ལས་ དྲན་གསོ་འབད་དེ་ར་ཡོད་པའི་གནས་ཚུལ།

\གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *