བཀྲིས་སྒང་ཁྲོམ་གྱི་ མ་ནི་དུང་འཁོར་རྩ་བར་ ནང་འཁོད་ལས་ཐོན་མི་ ཚོད་བསྲེའི་རིགས་ཚུ་ བཙོང་པའི་བསྒང་།

བཀྲིས་སྒང་ཁྲོམ་ཁར་ ནང་འཁོད་ལས་ཐོན་མི་ ཚོད་བསྲེའི་རིགས་ཚུ་ བཙོང་སའི་ ས་གོ་མེད་པའི་དཀའ་ངལ།

༉ བཀྲིས་སྒང་ཁྲོམ་ཁར་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་ཚུ་ ག་ལྷོད་བཙོང་བཅུག་མི་ལུ་བརྟེན་ ཚོད་བསྲེ་ཁྲོམ་ཁར་ལས་ དུས་རྒྱུན་ཚོད་བསྲེ་བཙོང་མི་ཚུ་ལུ་ ཐོ་ཕོག་སྟེ་འདུག།
ཚོད་བསྲེ་བཙོང་མི་ བདེ་ཆེན་བཟང་མོ་གིས་ སླབ་མིའི་ནང་ ན་ཧིང་ ཆུ་རུད་ཀྱིས་ ཚོད་བསྲེ་ཁྲོམ་མེདཔ་བཏང་པའི་ཤུལ་ལུ་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་ཚུ་ ག་ལྷོད་བཙོང་བཅུག་ནི་དེ་གིས་ ཁོང་གི་ཚོང་འབྲེལ་ལུ་ ཐོ་སྦོམ་སྦེ་ཕོག་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཧེ་མ་ཉིནམ་༡ ལུ་ འོང་འབབ་དངུལ་ཀྲམ་༣༠༠༠ རེ་ བཟོ་ནི་ཡོད་རུང་ ད་རེས་ དངུལ་ཀྲམ་༢༠༠ ཡང་ འཐོབ་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།
ད་རེས་ ཚོད་བསྲེ་ཁྲོམ་ཁར་ ཚོད་བསྲེ་ཚོང་འབྲེལ་འཐབ་མི་ ཁོང་༧ ཡོདཔ་ད་ ཁོང་ག་ར་གིས་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་དང་ ནང་འདྲེན་འཐབ་མི་ ཚོད་བསྲེ་གཉིས་ཆ་ར་ བཙོང་དོ་ཡོདཔ་ཨིན་པས།
ཚོད་བསྲེ་བཙོང་མི་ཅིག་གིས་ སླབ་མིའི་ནང་ ནང་འདྲེན་འབད་མི་ ཚོད་བསྲེ་ཚུ་ དུས་ཚོད་ཁར་ བཙོང་མ་ཚུགས་པ་ཅིན་ རུལ་འགྱོཝ་ལས་ གྱོང་རྒུད་ཕོགཔ་མས་ཟེར་ཨིནམ་ད་ ཚོད་བསྲེ་བཙོང་སྟེ་ ལཱ་མ་འབད་བ་ཅིན་ མི་ཚེ་འཚོ་སྐྱོང་འབད་ཐབས་ གཞན་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
མིང་གསང་བཞག་མི་ ཚོད་བསྲེ་བཙོང་མི་ཅིག་གིས་ སླབ་མིའི་ནང་ ཁྲལ་ག་ཅི་བཏབ་ནི་ཡོད་རུང་ དུས་ཚོད་ཁར་ བཏབ་དོ་ཟེར་ཨིནམ་ད་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་ཚུ་ ག་ལྷོད་བཙོང་མི་ལུ་ ཁྲལ་མ་ཕོགཔ་ཨིན་ན་ཟེར་བའི་ དྲི་བ་བཀོད་དགོཔ་འདུག་ཟེར་ ཨིན་པས།
མོ་གིས་ སླབ་མིའི་ནང་ ནང་འདྲེན་འཐབ་སྟེ་ ཚོད་བསྲེ་བཙོང་མི་དང་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་བཙོང་མི་༢ ལུ་ དབྱེ་བ་ཕྱེ་དོ་བཟུམ་སྦེ་ མཐོངམ་མས་ཟེར་ཨིནམ་ད་ ཚོད་བསྲེ་བཙོང་ཁང་ཡང་ ཉམས་བཅོས་འབད་ནི་མིན་འདུག་ཟེར་ཨིན་པས།
ཚོད་བསྲེ་ཁྲོམ་ཁར་ ཚོད་བསྲེ་བཙོང་མི་ཚུ་དང་འཁྲིལ་བ་ཅིན་ ཁོང་གིས་ ཁྲོམ་སྡེ་ལུ་ ཉོགས་བཤད་བཀོད་རུང་ ངོས་ལེན་ག་ནི་ཡང་མ་མཐོང་ཟེར་ཨིནམ་ད་ ཁྲོམ་ཁར་ གཡུས་མི་ཚུ་མེན་པར་ ཚོད་བསྲེ་གཞན་ཁར་ལས་ཉོ་སྟེ་ བཙོང་མི་ཡང་ ཡོད་ཟེར་ཨིན་པས།
བཀྲིས་སྒང་ཁྲོམ་ཁར་ མི་སེར་རྐྱངམ་གཅིག་མེན་པར་ ཉེ་འདབས་ཀྱི་ས་གནས་ མོང་སྒར་ན་རང་རྒེད་འོག་གི་ མི་སེར་དང་ བཀྲིས་གཡང་རྩེ་ རམ་འཇར་རྒེད་འོག་གི་ མི་སེར་ཚུ་གིས་ཡང་ ཚོད་བསྲེ་ཚུ་ བཙོང་པར་འབག་འོང་དོ་ཡོདཔ་ད་ དེ་ཡང་ བཀྲིས་སྒང་ལུ མི་རློབས་དང་ འགྲོ་འགྲུལ་འབད་སའི་ ས་གནས་ཅིག་ཨིན་པའི་ གནད་དོན་ལུ་བརྟེན་ཨིན་པས།
ན་རང་ལས་ཨིན་མི་ ཕང་ཀུ་གིས་ སླབ་མིའི་ནང་ མི་སེར་སོ་ནམ་ཅིག་འབདཝ་ལས་ བཙོང་སའི་ས་གོ་ལེགས་ཤོམ་ཅིག་མེདཔ་ལས་ མ་ནིང་དུང་འཁོར་དང་ ལམ་བདའ་སྟེ་ མ་བཙོང་པར་ ཐབས་མིན་འདུག་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཁྲོམ་སྡེའི་ཁ་ཐུག་ལས་ ཚོད་བསྲེ་ག་ལྷོད་བཙོང་མ་ཆོག་པའི་སྐོར་ལས་ འཕྲལ་འཕྲལ་ར་བདའ་གཏང་ནི་འདུག་ཟེར་ཨིནམ་ད་ བཙོང་སའི་ས་ཁོངས་ལེགས་ཤོམ་ཅིག་མེདཔ་ལས་ དཀའ་ངལ་འདུག་ཟེར་ཨིན་པས།
རམ་འཇར་ལས་ཨིན་མི་ སྐར་མ་གིས་ སླབ་མིའི་ནང་ ཚོད་བསྲེ་ཚུ་ལམ་བདའ་སྟེ་ བཙོང་ཚུགས་པས་ཟེར་ཨིནམ་ད་ བཀྲིས་སྒང་ཁྲོམ་ཁར་ཡང་ ཚོད་བསྲེ་བཙོང་སའི་ ས་གོ་ལེགས་ཤོམ་ཅིག་མེདཔ་ལས་ ཉིམ་ཤརཝ་ད་དང་ ཆརཔ་རྐྱབ་ད་ དཀའ་ངལ་འདུག་ཟེར་ཨིན་པས།
ས་གནས་ཀྱི་ མི་ཅིག་གིས་ སླབ་མིའི་ནང་ ཁྲོམ་ཁར་ ཚོད་བསྲེ་ཚུ་ ག་ལྷོད་བཙོང་བཅུག་མི་དེ་གིས་ ཚོད་བསྲེ་ཉོ་མི་ཚུ་ རང་རོང་བཏང་སྡོད་དོ་ཡོདཔ་ལས་ སྣུམ་འཁོར་ཐུག་རྐྱེན་འབྱུང་ནིའི་ཡང་ ཉེན་ཁ་འདུག་ཟེར་ཨིན་པས།
ཁྲོམ་ཁར་ ཟ་ཁང་བཙུགས་སྡོད་མི་ བསྟན་འཛིན་དབང་མོ་གིས་ སླབ་མིའི་ནང་ ཚོད་བསྲེ་ཚུ་ མོ་གི་ ཟ་ཁང་གི་ སྦོ་ལོགས་ཁར་ བཙོང་ནི་དེ་གིཧ་ ཚོད་བསྲེའི་རག་རོ་ཚུ་ ག་ལྷོད་བཀོག་བཞག་མི་ལུ་བརྟེན་ མཐའ་འཁོར་ཧིང་སངས་སྦེ་ བཞག་མི་ཚུགས་པས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཁྲོམ་ཁར་ ཚོད་བསྲེ་བཙོང་མི་ ལ་ལོ་ཅིག་གིས་ ཕྱགས་བརྡར་རྐྱབ་ནི་ཡོད་རུང་ ལ་ལོ་གིས་ ཚོད་བསྲེ་ལས་ཐོན་པའི་ ཕྱགས་སྙིགས་ཚུ་ དེ་སྦེ་ར་ བཀོག་བཞགཔ་མས་ཟེར་ཨིན་པས།
ཨིན་རུང་ ཁྲོམ་སྡེ་འཐུས་མི་ངོ་ཚབ་ འཕྲིན་ལས་རྣམ་རྒྱལ་གིས་ སླབ་མིའི་ནང་ ཁྲོམ་ཁར་ ཚོད་བསྲེ་བཙོང་མི་དང་ ས་གནས་ཀྱི་མི་ཚུ་གི་བར་ན་ དཀའ་ངལ་ཡོད་ལུགས་ཀྱི་སྐོར་ལས་ རྫོང་ཁག་ལུ་ སྙན་ཞུ་འབད་བཞིན་དུ་ཡོད་ཟེར་ཨིནམ་ད་ ཚོད་བསྲེ་ག་ལྷོད་བཙོང་མ་ཆོག་པའི་སྐོར་ལས་ གོ་བ་སྤྲོད་དེ་ར་ཡོད་ཟེར་ཨིན་པས།
ཚོད་བསྲེ་ཁྲོམ་ཁར་ ནང་འཁོད་ལས་ཐོན་པའི་ ཚོད་བསྲེ་བཙོང་མི་ཚུ་ལུ་ ཁང་མིག་རྐྱབ་ནི་དང་ ཆུ་རུད་ཀྱིས་གནོད་སྐྱོན་རྐྱབ་མི་ཚུ་ ཉམས་བཅོས་འབད་ནིའི་དོན་ལུ་ ལཱ་ཚུ་ཡང་ ཁག་འབགཔ་ལུ་སྤྲོད་ཡོདཔ་ལས་ དཀའ་ངལ་བསལ་ཚུགས་པའི་ རེ་བ་ཡོད་ཟེར་ ཁྲོམ་སྡེའི་འཐུས་མི་གིས་ བཤདཔ་ཨིན་པས།
ཚོད་བསྲེ་ཁྲོམ་གྱི་ ཁང་མིག་དང་ མཐའ་འཁོར་ཚུ་ག་ར་ ཉམས་བཅོས་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༠ གནས་པའི་ ལཱ་ཚུ་ག་ར་སྤྲོད་ཚར་ཡོདཔ་ལས་ འཕྲལ་མགྱོགས་ར་ ལཱ་འགོ་བཙུགས་འོང་ཟེར་ རྫོང་ཁག་བཟོ་རིག་འགོ་དཔོན་གྱིས་ བཤད་ཡོད་པའི་གནས་ཚུལ།
བཀྲིས་སྒང། གནས་བརྟན་རྡོ་རྗེ།

About admin

Check Also

ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་ལུ་ དངུལ་ཐོག་ཨ་ལཱན་ཅི་ཚུ་ལུ་ འབུབ་ཀྱིས་གནོད་སྐྱོན།

༉ གསར་སྤང་རྫོང་ཁག་ ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་རྒེད་འོག་༢ ཀྱི་ མི་སེར་ཚུ་གི་ དངུལ་ཐོག་གཙོ་ཅན་ཅིག་ཨིན་མི་ ཨ་ལཱན་ཅི་ཚུ་ལུ་ ངོས་འཛིན་འབད་མ་ཚུགས་པའི་ འབུབ་ཟུན་ཏེ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ སོ་ནམ་རྒྱ་སྐྱེད་ཡིག་ཚང་ལུ་ སྙན་ཞུ་འབད་དེ་ ཉིནམ་དག་པ་ཅིག་ …

Leave a Reply

Your email address will not be published. Required fields are marked *