བཀྲིས་སྒང་ཁྲོམ་ཁར་ བཟོ་སྐྲུན་འབད་དོ་ཡོད་མི་ ཚོད་བསྲེ་བཙོང་ཁང་།

བཀྲིས་སྒང་ཁྲོམ་ཁར་ ད་རུང་ ཚོད་བསྲེ་བཙོང་ཁང་ཅིག་ བཟོ་སྐྲུན་འབད་དོ་ཡོདཔ།

༉ བཀྲིས་སྒང་ཁྲོམ་ཁར་སྡོད་མི་ཚུ་གིས་ སང་ཕོད་ ལོ་མཇུག་བསྡུ་ཁམས་ཅིག་ཁར་ ད་རུང་ ཚོད་བསྲེ་བཙོང་སའི་ སྒྲིང་ཁྱིམ་ཅིག་ འཐོབ་ཚུགས་ནི་ཨིན་པས།
དེ་ཡང་ རང་བཞིན་གྱི་ ཚོད་བསྲེ་ཐོན་སྐྱེད་འབད་མི་ཚུ་ལུ་ སེམས་ཤུགས་བྱིན་ཐབས་དང་ ཚོང་ལམ་གྱི་དོན་ལུ་ རྫོང་ཁག་བདག་སྐྱོང་གིས་ དངུལ་ཀྲམ་ས་ཡ་༢.༧༨ གནས་པའི་ ཚོད་བསྲེ་བཙོང་ས་གསརཔ་ཅིག་ བཟོ་སྐྲུན་འབད་ནི་ཨིན་པས།
ད་རེས་ནངས་པར་ གྲོང་གསེབ་ཚུ་ནང་ལས་ཐོན་མི་ ཚོད་བསྲེ་ཚུ་ འཁོར་ལམ་བདའ་སྟེ་བཙོང་སྡོད་དོ་ཡོདཔ་མ་ཚད་ མ་ཎི་དུང་འཁོར་གྱི་རྩ་བར་སྡོད་དེ་ བཙོང་དགོཔ་ཐོན་དོ་ཡོདཔ་ད་ དེ་ཡང་ བཀྲིས་སྒང་རྫོང་ཁག་གི་ མི་སེར་རྐྱངམ་གཅིག་མེན་པར་ ཉེ་འདབས་ཀྱི་ས་གནས་ དགྲ་མེད་རྩེ་ན་རང་དང་ བཀྲིས་གཡང་རྩེ་ རམ་འཇར་ལས་ཡང་ འོང་དོ་ཡོདཔ་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ དི་བི་ཅ་རཱན་བྷན་ད་རི་གིས་ ལས་འགུལ་དེ་ མོང་སྒར་ལུ་ཡོད་པའི་ ལུང་ཕྱོགས་སོ་ནམ་དང་ཚོང་འབྲེལ་ལས་འཛིན་གྱིས་ རྒྱབ་སྐྱོར་ཐོག་ལས་ བཟོ་སྐྲུན་འབད་དོ་ཡོདཔ་ད་ དེ་ཡང་ སོ་ནམ་པ་ཚུ་ རང་བཞིན་གྱི་ཚོད་བསྲེ་འཛུགས་སྐྱོང་འབད་ནིའི་ལུ་ སེམས་ཤུགས་བྱིན་ཐབས་དང་ ཚོང་ལམ་གྱི་དོན་ལུ་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོ་ འཁོར་ལམ་བདའ་སྟེ་ ཚོད་བསྲེ་བཙོང་མི་ཚུ་ ཉིམ་དང་ ཐལཝ་ཁོག་ཁོ་ནང་སྡོདཔ་དགོཔ་བྱུང་མི་གིས་ འཕྲོད་བསྟེན་ལུ་ གནོད་ནི་མས་ཟེར་ཨིན་པས།
དི་བི་ཅ་རཱན་བྷན་ད་རི་གིས་ སླབ་མིའི་ནང་ སྒྲིང་ཁྱིམ་རྐྱབ་ཚར་ཞིནམ་ལས་ ཚོང་ལམ་གྱི་ བརྡ་བྱང་ཡང་བཙུགས་འོང་ཟེར་ཨིནམ་ད་ དེ་གིས་ ཚོད་བསྲེ་བཙོང་མི་གིས་ ཐིམ་ཕུག་ལུ་ཡོད་པའི་ བརྒྱ་འཁོར་སོ་ནམ་ཚོད་བསྲེ་ཁྲོམ་ཁར་དང་ འབྲུག་བཟའ་སྤྱོད་ལས་འཛིན་ དེ་ལས་ རིན་བསྡུར་ཁང་ནང་ ཚོད་བསྲེ་གི་གོང་ཚད་ ག་དེ་སྦེ་ར་ཡོདཔ་ཨིན་ན་ཚུ་ བལྟ་ཚུགས་ཟེར་ཨིན་པས།
མ་གཞི་ གྲོང་གསེབ་ལས་འབག་འོང་མི་ཚོད་བསྲེ་ཚུ་ བཙོང་ནིའི་དོན་ལུ་ ཚོད་བསྲེ་ཁྲོམ་ཁར་ཡོད་པའི་ སྒྲིང་ཁྱིམ་རྙིངམ་གི་འོག་ཐོག་ ས་ཁོངས་བྱིན་ཡོད་རུང་ ན་ཧིང་ ཆུ་རུད་ཀྱིས་མེདཔ་བཏང་ཡོདཔ་ད་ དེ་གིས་ སྒྲིང་ཁྱིམ་གྱི་ཐོག་ཁར་ ནང་འཁོད་དང་ཕྱི་ལས་ ནང་འདྲེན་འབད་དེ་ ཚོད་བསྲེ་བཙོང་མི་༨ ལུ་ ཚོང་ལམ་ཚུ་བཀག་ཡོདཔ་ཨིན་པས།
ཚོད་བསྲེ་བཙོང་མི་ཚུ་གིས་ སླབ་མིའི་ནང་ ཆུ་རུད་འོང་མི་དང་ གྲོང་གསེབ་ཀྱི་མི་ཚུ་གིས་ ཚོད་བསྲེ་ག་ལྷེད་བཙོང་མི་དེ་གིས་ ཁོང་གི་ཚོང་ལམ་ བཀག་ཡི་ཟེར་ཨིནམ་ད་ ཚོང་མགྲོན་པ་དེ་ཅིག་ར་ མི་འོང་པས་ཟེར་ཨིན་པས།
ཁྲོམ་སྡེའི་འཐུས་མི་ འཕྲིན་ལས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ གྲོང་གསེབ་ལས་འབག་འོང་མི་ ཚོད་བསྲེ་བཙོང་ནིའི་དོན་ལུ་ ས་གོ་སོ་སོ་ཅིག་མེདཔ་ལས་ ཁྲོམ་ཁར་ག་ལྷོད་ ཚོང་འབྲེལ་འཐབ་མི་ཚུ་ལུ་ ཉེས་ཆད་བཀལ་རུང་ སྟབས་མི་བདེ་བས་ཟེར་ཨིནམ་ད་ སྒྲིང་ཁྱིམ་རྐྱབ་ཚར་ཞིནམ་ལས་ ག་ར་ལུ་སྟབས་བདེ་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ བཀྲིས་སྒང་ཁྲོམ་ཁར་ ན་ཧིང་སྤྱི་ཟླ་༧ པའི་ཚེས་༢༢ ལུ་འོང་མི་ ཆུ་རུད་ཀྱིས་ མེདཔ་བཏང་མི་རྐང་ལམ་དང་ ཁྲོམ་གྱི་མཐུན་རྐྱེན་མེདཔ་བཏང་མི་ཚུ་ ལེགས་བཅོས་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༠.༧༡ འབད་མི་ ལཱ་ཡང་ཁག་འབགཔ་སྤྲོད་ཡོདཔ་ཨིན་པས།
ཁག་འབགཔ་གིས་ ཁྲོམ་ཁར་ཡོད་པའི་མཐུན་རྐྱེན་ ཨ་ལོ་རྩེདམོ་རྩེ་ས་དང་ ཚོད་བསྲེ་བཙོང་ས་ལ་སོགས་པ་ཚུ་ ཉམས་བཅོས་འབད་ནི་ཨིནམ་ད་ ཉམས་བཅོས་ཀྱི་ལཱ་ཚུ་ མགྱོགས་སུ་སྦེ་ འགོ་བཙུགས་ནི་ཨིན་རུང་ རིན་བསྡུར་ལམ་ལུགས་ཀྱིས་ དུས་ཚོད་ཕྱི་སོ་ཡི་ཟེར་ རྫོང་ཁག་བཟོ་རིག་འགོ་དཔོན་ ལེགས་རྒྱས་ཀྱིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *