བཀྲིས་གཡང་རྩེའི་དུར་ཁྲོད་ནང་ མཐུན་རྐྱེན་མེད་པའི་དཀའ་ངལ།

༉ བཀྲིས་གཡང་རྩེ་རྫོང་ཁག་གི་ མི་ཚུ་གིས་ ཚེ་ལས་འདས་མི་ཚུ་ མེ་སྦྱང་འབད་ནིའི་དོན་ལུ་ གཡང་རྩེའི་དུར་ཁྲོད་ནང་ འབག་སྐྱེལ་དོ་ཡོདཔ་ད་ དེ་ཡང་ དུར་ཁྲོད་དེ་ བྱིན་རླབས་ཅན་ཅིག་ འབད་ནི་དེ་གིས་ཨིན་མས་ཟེར་ཞུ་ནི།
དུར་ཁྲོད་དེ་ བྱིན་རླབས་ཅན་ཅིག་ཨིན་མི་དེ་ཡང་ རིགས་གསུམ་དགོན་པའི་བླམ་དང་ བླམ་བྱང་ཆུབ་དཔལ་བཟང་༢ མ་འཆམ་པར་ བླམ་བྱང་ཆུབ་དཔལ་བཟང་དེ་ བདའ་བཏངམ་ད་ ཁོ་གིས་ འབུམ་སྡེ་གླིང་རྒེད་འོག་ནང་ དཀའ་སྡུག་ལེ་ཤ་ཡོད་རུང་ ཚེ་ལས་འདས་མི་ཚུ་ མེ་སྦྱང་ག་ལྷོད་འབད་དོ་ཡོདཔ་ལས་ དུར་ཁྲོད་ཅིག་ བཅགས་དགོ་པས་ཟེར་ ཁོ་རའི་ མཚམས་ཁང་གི་ ཤིང་ཆས་ཚུ་ ཕུད་རྡོག་ཅིག་ཡང་ བཀོག་མ་བཞག་པར་ མཁོ་ལོང་ཆུ་ནང་ བཀོག་བཏང་ནུག་ཟེར་ཞུ་ནི།
དེ་ལས་ བླམ་གིས་ བྱིན་རླབས་ཅན་གྱི་ དུར་ཁྲོད་བསིལ་བའི་ ས་གི་ལུང་བསྟན་ ག་ཏེ་ཡོད་སར་ ཤིང་ཆས་ཚུ་ག་ར་ འཐོན་སྡོད་བཅུག་ཅི་ཟེར་ ཐུགས་སྨོན་གནང་སྟེ་ ཤིང་ཆས་ཚུ་ མཁོ་ལོང་ཆུ་ནང་ བཀོག་བཏང་ཞིནམ་ལས་ བླམ་ཁོ་ར་ཡང་ ཆུའི་མཐའམ་བདའ་སྟེ་ བྱོན་ནུག་ཟེར་ཞུ་ནི།
དེ་ལས་ ཤིང་ཆས་དག་པ་ཅིག་ ད་ལྟོ་ འབུམ་སྡེ་གླིང་ གདུང་ཟམ་སློབ་གྲྭ་ཡོད་སའི་ ས་ཁོངས་ནང་ བཏོན་བཞག་ཡོདཔ་ལས་ བླམ་གིས་ མི་ཤིའི་མེ་སྦྱང་ཚུ་ དེ་ནང་འབད་རུང་ མ་བཏུབ་མིན་འདུག་ཟེར་ གསུངས་ཡོདཔ་ད་ དེ་ལས་མར་བྱོན་ཏེ་ ད་ལྟོ་ དུར་ཁྲོད་ཡོད་སའི་ནང་ལྷོདཔ་ད་ ཤིང་ཆས་ཚུ་ མི་གིས་ བརྩེགས་བཞག་བཞགཔ་བཟུམ་སྦེ་ ག་ར་ཆུའི་མཐའ་མར་ བཏོན་ཞིནམ་ལས་ བརྩེགས་བཞག་ནུག་ཟེར་ཞུ་ནི།
བླམ་བྱང་ཆུབ་དཔལ་བཟང་གིས་ བྱིན་རླབས་ཅན་གྱི་དུར་ཁྲོད་ འ་ནི་བ་ལྷག་སྟེ་མེདཔ་ལས་ ད་ལས་ཕར་ མི་ཤིའི་མེ་སྦྱང་ཚུ་ དེ་ནང་འབད་ཟེར་ དུར་ཁྲོད་བཅགས་གནང་ཡོདཔ་ལས་ དུར་ཁྲོད་དེ་ བྱིན་རླབས་ཅན་ཅིག་ཨིན་རུང་ དེ་ནང་ དགོས་མཁོའི་མཐུན་རྐྱེན་ཚུ་མེད་པའི་ དཀའ་ངལ་འདུག་ཟེར་ཞུ་ནི།
དུར་ཁྲོད་དེ་ཁར་ བདུན་ཕྲག་རེ་ནང་ འཕྲལ་འཕྲལ་མེ་སྦྱང་འབད་ནིའི་དོན་ལུ་ ཕུངམ་༣ དང་༤ དེ་རེ་ ལྷོད་དོ་ཡོདཔ་བཞིན་དུ་ ཕུངམ་ཚུ་ བཞག་ནིའི་དོན་ལས་ རོ་ཁང་མེད་མི་ལུ་བརྟེན་ ཕྱི་ཁར་བཞག་དགོཔ་ལས་ ཕུངམ་བསྲུང་སྡོད་མི་ཚུ་ལུ་ དཀའ་ངལ་སྦོམ་འདུག་ཟེར་ཞུ་ནི།
དེ་བཟུམ་སྦེ་ དུར་ཁྲོད་དེ་ནང་ གཏན་འཇགས་ཀྱི་དཀོན་གཉེར་ ག་ཡང་མེདཔ་བཞིན་དུ་ གསང་སྤྱོད་ཅིག་ རྐྱབ་སྟེ་ཡོད་རུང་ དེ་ཡང་ སྣང་མེད་སྦེ་ བཞག་མི་ལུ་བརྟེན་ ག་ར་བསུབས་ཡོདཔ་མ་ཚད་ ད་རེས་ ལག་ལེན་འཐབ་མ་བཏུབ་ ཐལ་ཡོདཔ་ལས་ གསང་སྤྱོད་ཀྱི་ མཐུན་རྐྱེན་ཡོད་པའི་ མིང་གཏམ་ཅིག་ལས་བརྒལ་མེད་པའི་ཁར་ མེ་སྦྱང་འབད་སའི་ མེ་ཁུང་ཡང་ ལེགས་ཤོམ་མེད་པའི་ དཀའ་ངལ་འདུག་ཟེར་ཞུ་ནི།
དུར་ཁྲོད་དེ་གིས་ བཀྲིས་གཡང་རྩེ་རྫོང་ཁག་རྐྱངམ་གཅིག་མེན་པར་ བཀྲིས་སྒང་རྫོང་ཁག་གི་ མི་ཚུ་ལུ་ཡང་ ཕན་ཐོགས་བྱུང་དོ་ཡོདཔ་ད་ ད་རེས་ དུར་ཁྲོད་དེ་ བཀྲིས་གཡང་རྩེ་རབ་སྡེ་གིས་ བདག་འཛིན་འཐབ་དོ་ཡོདཔ་ལས་ རབ་སྡེ་དང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ མི་ཚུ་གི་ མཐའ་དོན་ལུ་གཟིགས་ཏེ་ མཐུན་རྐྱེན་དེ་ཚུ་ གང་མགྱོགས་རྐྱབ་གནང་དགོཔ་འདུག་ཟེར་ཞུ་ནི།
མཐུན་རྐྱེན་དེ་ཚུ་ རྐྱབ་པའི་སྐབས་ འཕྲལ་གྱི་དཀའ་ངལ་རྐྱངམ་གཅིག་ སེལ་ནི་ལུ་ ཐུགས་བཞེད་མ་གནང་པར་ མ་འོངས་ཡུན་རིང་གི་ མཐའ་དོན་ལུ་བལྟ་སྟེ་ རྐྱབ་གནང་དགོཔ་ཁག་ཆེ་བའི་ཁར་ དེ་ཚུ་བདག་འཛིན་འབད་མི་ གཏན་འཇགས་ཀྱི་ སྲུང་རྒྱབ་ཅིག་ཡང་ བཙུགས་དགོཔ་འདུག་ཟེར་ ཞུ་ནི་ཨིན།

སྐལ་བཟང་།
བཀྲིས་གཡང་རྩེ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *