སློབ་གྲྭའི་ངལ་གསོ་སྐབས་ སློབ་ཕྲུག་ཚུ་ལུ་ ཟུར་སློབ་བྱིན་པའི་བསྒང་།

བཀྲིས་གཡང་རྩེ་སློབ་དཔོན་སྡེ་ཚན་ཅིག་གིས་ སློབ་ཕྲུག་ཚུ་ལུ་ ཟུར་ཆོས་སྟོན་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ སྦས་གླིང་སློབ་གྲྭ་ལྟེ་བའི་ནང་ སློབ་དཔོན་སྡེ་ཚན་ཅིག་གིས་ ཉིན་གྲངས་༡༠ གྱི་རིང་ རིན་མེད་སྟོང་པར་སྦེ་ ཟུར་སློབ་བྱིན་ནི་ འགོ་བཙུགས་ཏེ་འདུག།
སློབ་དཔོན་སྡེ་ཚན་དེ་གིས་ རྩིས་དང་ ཚན་རིག་ དེ་ལས་ ཚོང་རིག་༣ གྱི་ ཉེར་མཁོ་ཚུ་ སློབ་སྟོན་འབད་དོ་ཡོདཔ་ད་ ལས་རིམ་ནང་ སློབ་ཕྲུག་༧༦ ལྷགཔ་ཅིག་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
ལས་རིམ་འགོ་འདྲེན་པ་ སྦས་གླིང་སློབ་གྲྭ་ལྟེ་བའི་སློབ་དཔོན་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ཟུར་སློབ་དེ་ གཙོ་བོ་ར་ སྒེར་པ་སྦེ་སྡོད་མི་ སློབ་ཕྲུག་ཚུ་ལུ་དམིགས་ཏེ་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
ཟུར་སློབ་བྱིན་དགོ་པའི་དམིགས་ཡུལ་དེ་ཡང་ ནང་སྡོད་སློབ་ཕྲུག་ཚུ་བཟུམ་སྦེ་ སྒེར་པ་སྦེ་སྡོད་མི་སློབ་ཕྲུག་ཚུ་ སློབ་དཔོན་དང་གཅིག་ཁར་ དོགས་སེལ་འབད་ནིའི་གོ་སྐབས་གངམ་མེདཔ་ལས་ ཁྱད་པར་བསུབ་ནི་དང་ ཆོས་ཚན་གྱི་ རྩ་བའི་ཤེས་ཡོན་བྱིན་ཐབས་ལུ་ཨིན་ཟེར་ བསོད་ནམས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཟུར་སློབ་དེ་ སློབ་དཔོན་༧ གྱིས་ སློབ་ཕྲུག་ཚུ་ལུ་ སྐོར་རྒྱབ་སྦེ་ དུས་ཡུན་ཆུ་ཚོད་༢ ཀྱི་རིང་ སློབ་སྟོན་འབད་དོ་ཡོདཔ་ད་ དེ་བསྒང་ སློབ་ཕྲུག་ཚུ་ལུ་ དོགས་སེལ་འབད་ནིའི་ གོ་སྐབས་ཡང་ བྱིན་དོ་ཡོདཔ་ཨིན་པས།
བསོད་ནམས་རྡོ་རྗེ་དང་འཁྲིལ་བ་ཅིན་ སློབ་སྟོན་ཚུ་ དུས་ཚོད་ཁར་ མཇུག་བསྡུ་དགོཔ་ལས་ སློབ་ཕྲུག་ལ་ལོ་ཅིག་གིས་ ཧ་གོ་སྟེ་འབད་རུང་ མང་ཤོས་ཀྱིས་ ཧ་མ་གོ་བར་ ལུས་ནི་དེ་གིས་ཨིན་ཟེར་ཨིནམ་ད་ ཆོས་ཚན་གྱི་ གཞི་རྟེན་མ་ཚུད་པའི་ སློབ་ཕྲུག་ཚུ་ཡང་ འདུག་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སློབ་ཕྲུག་ཚུ་གི་སེམས་ཁར་ ཟུར་སློབ་འབདཝ་ད་ དྲག་དོ་བཟུམ་མའི་ ཚོར་བ་ཡོདཔ་ལས་ མཐའ་ཟུར་གྱི་རྫོང་ཁག་ བཀྲིས་གཡང་རྩེའི་ ཕམ་ཉམ་ཆུང་གི་ཨ་ལོ་ཚུ་ལུ་ཡང་ ཟུར་སློབ་བྱིནམ་ད་ ཕན་ཐོགས་ནི་མས་མནོ་སྟེ་ ཟུར་སློབ་བྱིན་དོ་ཟེར་ཨིན་པས།
ཟུར་སློབ་ལུ་བརྟེན་ སློབ་ཕྲུག་ཚུ་གིས་ ཆོས་ཚན་གྱི་གཞི་འགྱམ་བཙུགས་ནི་ལུ་ ཕན་ཐོགས་པའི་ཁར་ གནམ་བྱཱར་གྱི་ངལ་གསོ་ཡང་ དུས་སྨིན་ཅན་སྦེ་ལག་ལེན་འཐབ་ནི་ལུ་ ཕན་ཐོགས་འདུག་ཟེར་ སློབ་དཔོན་ཚུ་གིས་ བཤདཔ་ཨིན་པས།
སློབ་དཔོན་ཚུ་ལས་ ཟུར་སློབ་ལེན་མི་ཡང་ སློབ་རིམ་༩ པ་ལས་ སློབ་རིམ་༡༢ པ་ཚུན་གྱི་ སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་དོ་ཡོདཔ་ད་ མང་ཤོས་ར་ སྒེར་པ་ཚུ་ཨིན་པས།
སྦས་གླིང་སློབ་གྲྭ་ལྟེ་བའི་སློབ་ཕྲུག་ ཀརྨ་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སློབ་ཕྲུག་མང་ཤོས་ཀྱི་ གཞན་མི་ཆོས་ཚན་ནང་ གྲུབ་འབྲས་ལེགས་ཤོམ་ཐོན་རུང་ རྩིས་དང་ཚན་རིག་ནང་ འཐུས་ཤོརཝ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སློབ་ཁང་ནང་ སློབ་སྟོན་འབདཝ་ད་ དེ་ཅིག་ཧ་མི་གོ་བས་ཟེར་ཨིནམ་ད་ ད་རེས་ ཟུར་སློབ་སྟོན་མི་དེ་གིས་ ཆོས་རྒྱུགས་ནང་ དྲི་བ་ག་དེ་སྦེ་བཀོད་རུང་ ལན་འཇམ་ཏོང་ཏོ་སྦེ་ རྐྱབ་ཚུགས་ནི་མས་ཟེར་ཨིན་པས།
སློབ་རིམ་༩ པའི་སློབ་ཕྲུག་ ཚེ་དབང་ཆོས་སྒྲོན་གྱིས་འབད་བ་ཅིན་ མོ་ར་ སང་ཕོད་སློབ་རིམ་༡༠ པའི་ནང་འཛུལཝ་ད་ ལྷན་ཐབས་འབྱུང་ནི་མས་ཟེར་ཨིནམ་ད་ ལོ་ཕྱེད་ཆོས་རྒྱུགས་ཀྱི་ཧེ་མར་ ཧ་མ་གོ་མི་ཚུ་ཡང་ ད་རེས་ ཧ་གོ་ཚུགས་ཅི་ཟེར་ཨིན་པས།
ནང་སྡོད་སློབ་ཕྲུག་ཚུ་འབད་བ་ཅིན་ སློབ་དཔོན་ཚུ་དང་ འབྲེལ་བ་མངམ་འཐབ་དོ་ཡོད་པའི་ཁར་ དཔེ་ཆ་ལྷབ་ནིའི་གོ་སྐབས་ཡང་ ཐོབ་དོ་ཡོདཔ་ད་ སྒེར་པ་སྦེ་སྡོད་མི་ སློབ་ཕྲུག་ཚུ་འབད་བ་ཅིན་ དཔེ་ཆ་ལུ་དེ་ཅིག་ར་ བརྩོན་ཤུགས་བསྐྱེད་མི་ཚུགས་པས་ཟེར་ཨིན་པས།
སློབ་རིམ་༡༢ པའི་སློབ་ཕྲུག་ འཇིགས་མེད་སེངྒེ་གིས་ སླབ་མིའི་ནང་ ཆོས་ཚན་གྱི་ གཞི་རྟེན་ར་ཡོད་པ་ཅིན་ སློབ་རིམ་༡༢ པའི་ནང་ལྷོདཔ་ད་ ཆོས་རྒྱུགས་རྐྱབ་མ་ཚུགས་པའི་ དཔེ་མིན་འདུག་ཟེར་ཨིནམ་ད་ ད་ལྟོ་ གཞི་རྟེན་ལེགས་ཤོམ་མེདཔ་ལས་ ལཱ་ཁག་བཏངམ་མས་ཟེར་ ཨིན་པས།
རིན་མེད་སྟོང་པར་སྦེ་ ཟུར་སློབ་མ་བྱིན་པ་ཅིན་ ཕམ་ཉམ་ཆུང་གི་ སློབ་ཕྲུག་ཚུ་གིས་ ཏི་རུ་སྤྲོད་དེ་ ལྷབ་མི་ཚུགས་པས་ཟེར་ཨིནམ་ད་ སློབ་དཔོན་ཚུ་གིས་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
རྩིས་སློབ་སྟོན་འབད་མི་ བསྟན་འཛིན་དབང་མོ་གིས་ སླབ་མིའི་ནང་ ཁྲོམ་ཁར་འབད་བ་ཅིན་ ཕམ་སྒྲིང་སྒྲི་ཡོདཔ་ལས་ ཟུར་སློབ་བྱིན་ནི་འདུག་ཟེར་ཨིནམ་ད་ ས་གནས་མཐའ་ཟུར་ནང་འབད་བ་ཅིན་ དེ་བཟུམ་མའི་ མཐུན་རྐྱེན་མེདཔ་ལས་ སྡེ་ཚན་གྱིས་ཟུར་སློབ་བྱིན་ནི་སྦེ་ ཐག་བཅད་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ དམིགས་བསལ་གྱི་ སློབ་ཕྲུག་སྒེར་པ་ཚུ་ལུ་བྱིན་མི་དེ་ ཁོ་ར་སློབ་དཔོན་ལུ་ དོགས་སེལ་འབད་ནིའི་དུས་ཚོད་མ་ཐོབ་ལས་བརྟེན་ ཨིན་ཟེར་ཨིན་པས།
སློབ་དཔོན་ཚུ་གིས་ སླབ་མིའི་ནང་ རིན་མེད་སྟོང་པར་ ཟུར་སློབ་བྱིན་མི་དེ་ སློབ་ཕྲུག་ཚུ་གི་ ཤེས་ཡོན་རྒྱ་བསྐྱེད་འབད་ནི་དང་ ཆོས་ཚན་གྱི་གཞི་རྟེན་ཐོབ་པའི་བསྒང་ལས་ སློབ་ཁང་ནང་ སློབ་སྟོན་འབདཝ་ད་ ལྷན་ཐབས་འབད་འོང་ཟེར་ཨིན་པས།
སློབ་དཔོན་ཅིག་གིས་ སླབ་མའི་ནང་ གཞི་རྟེན་ཡོདཔ་དང་མེད་པའི་ ཤེས་རྟོགས་དེ་ ཆོས་རྒྱུགས་ཀྱི་གྲུབ་འབྲས་ལུ་བརྟེན་ ཤེས་ཚུགས་པས་ཟེར་ཨིནམ་ད་ གཞི་རྟེན་མེད་པའི་བསྒང་ལས་ སྐུགས་འཐོབ་ནི་ལུ་ཡང་ ཐོ་ཕོགཔ་མས་ཟེར་ཨིན་པས།
སློབ་དཔོན་ཚུ་དང་འཁྲིལ་བ་ཅིན་ སྦས་གླིང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་རྐྱངམ་གཅིག་མེན་པར་ སློབ་གྲྭ་གཞན་གྱི་ སློབ་ཕྲུག་ཚུ་ཡང་ ཟུར་སློབ་ལེན་པར་ འོང་སྟེ་ཡོད་ཟེར་ ཨིན་པས།
བཀྲིས་གཡང་རྩེ་ལུ་ ཟུར་སློབ་འགོ་འདྲེན་འཐབ་མི་དེ་ འགོ་དང་པ་ཨིནམ་ད་ ཚན་རིག་དང་ རྩིས་ཀྱི་ཆོས་ཚན་༢ ནང་ གཞི་རྟེན་སློབ་སྟོན་འབད་མི་དེ་གིས་ སློབ་སྟོན་རྒྱས་ཤིང་རྒྱསཔ་སྦེ་འབདཝ་ད་ ལྷན་ཐབས་འབད་འོང་ཟེར་ སློབ་དཔོན་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *