རྩེད་ཐང་ལེགས་ཤོམ་མེད་རུང་ ཨ་ལོ་ཚུ་གིས་ ཕུཊ་བཱོལ་ལུ་ སྤྲོ་བ་བསྐྱེད་དེ་ རྩེ་བའི་བསྒང་།

བཀྲིས་གཡང་རྩེ་ལུ་ རྩེད་རིགས་ཀྱི་མཐུན་རྐྱེན་ཚུ་ ག་ནི་ཡང་མེདཔ།

༉ བཀྲིས་གཡང་རྩེ་རྫོང་ཁག་གི་ ཞི་གཡོགཔ་དང་ ཚོང་པ་ དེ་ལས་ མི་སེར་ཚུ་ འབྲེལ་འཛིན་བཞག་ཐབས་ལུ་ རྩེད་རིགས་ཀྱི་མཐུན་རྐྱེན་ཚུ་ ག་ནི་ཡང་མེདཔ་ཨིན་པས།
དེ་འབདཝ་ལས་ ཕྱི་རུའི་ཆུ་ཚོད་༥:༣༠ དེ་ཅིག་ལས་ རྒས་གཞོན་མེད་པར་ ཁྲོམ་ཁར་ ཀེ་རེམ་རྩེད་བར་འོང་དོ་ཡོདཔ་ད་ སྤྲོ་སྟོན་གྱི་ལས་རིམ་ཟེར་རུང་ དེ་རྐྱངམ་གཅིག་ལས་བརྒལ་ མེདཔ་ཨིན་པས།
ལས་འཛིན་ནང་ ལཱ་འབད་མི་ཅིག་གིས་ སླབ་མིའི་ནང་ བཀྲིས་གཡང་རྩེ་ལུ་ རྐང་རྩེད་དང་ བོ་ལི་བཱོལ་ལ་སོགས་པའི་མཐུན་རྐྱེན་ཚུ་ལུ་བརྟེན་ མི་མང་འབྲེལ་འཛིན་བཞག་ནིའི་ མཐུན་རྐྱེན་ག་ནི་ཡང་མིན་འདུག་ཟེར་ཨིནམ་ད་ གནད་དོན་ག་ཅི་སྦེ་ མེདཔ་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིན་པས།
མཁོ་ལོང་ཆུ་གློག་མེ་ལས་འགུལ་ནང་ལཱ་འབད་མི་ ཀུན་བཟང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཕུཊ་བཱོལ་རྩེད་ནིའི་དོན་ལུ་ ཉེ་འདབས་ཀྱི་སློབ་གྲྭ་ཚུ་ལས་ གནང་བ་ལེན་ཏེ་རྩེད་དོ་ཟེར་ཨིནམ་ད་ འཕྲལ་འཕྲལ་ གནང་བ་ལུ་སྒུག་དགོཔ་ལས་ སྟབས་མ་བདེཝ་འདུག་ཟེར་ཨིན་པས།
རྩེད་རིགས་ནང་སྤྲོ་བ་ཡོད་མི་ཚུ་ཡང་ ལས་ཀྱིས་སྤྲོ་བ་ཉམས་འགྱོཝ་མས་ཟེར་ ཁོ་གིས་ བཤད་པའི་ཁར་ མི་མང་འབྲེལ་འཛིན་བཞག་ས་མེདཔ་ལས་ ལ་ལོ་ཅིག་ ཆང་གི་དབང་ལུ་ ཤོར་ནིའི་ཉེན་ཁ་ཡང་འདུག་ཟེར་ ཨིན་པས།
ཁྲོམ་ཁར་སྡོད་མི་ ཕུར་པ་རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་དང་ཕྱདཔ་ད་ ཁྲོམ་ཁར་ མི་རློབས་ཡར་སེང་འགྱོ་ཡོདཔ་ལས་ ཞི་གཡོགཔ་དང་ སྒེར་སྡེ་ནང་ ལཱ་འབད་མི་ལེ་ཤ་ཡོད་ཟེར་ཨིནམ་ད་ རྩེད་རིགས་ཀྱི་མཐུན་རྐྱེན་མེདཔ་ལས་ སྤྲོ་བའི་ལས་རིམ་ ག་ནི་ཡང་མིན་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཞན་མི་རྫོང་ཁག་ཚུ་ནང་ རྩེད་རིགས་ཀྱི་མཐུན་རྐྱེན་ཚུ་ མ་བཏུབ་བཏུབ་སྦེ་ཡོདཔ་ལས་ གཡང་རྩེ་ཁྲོམ་ཁར་ ག་ཅི་སྦེ་མེདཔ་ཨིན་ན་ ཧ་གོ་མི་ཚུགས་པས་ཟེར་ཨིནམ་ད་ ནང་རྩེད་ཀྱི་རིགས་དེ་ ཕར་ར་བཞག་ ཐ་ན་ ཕུཊ་བཱོལ་རྩེད་ཐང་ར་ མེད་ཟེར་ཨིན་པས།
ཁག་འབགཔ་གི་ལཱ་འབད་མི་ ཟླ་བ་ལ་གིས་ སླབ་མིའི་ནང་ རྩེད་རིགས་ཀྱི་མཐུན་རྐྱེན་མེདཔ་ལས་ རྩེད་རིགས་ཀྱི་འགྲན་བསྡུར་ འགོ་འདྲེན་འཐབ་མི་ ག་ཡང་མིན་འདུག་ཟེར་ཨིནམ་ད་ གཞུང་དང་འབྲེལ་བའི་ལས་སྡེ་གིས་ རྩེད་རིགས་ནང་ གཙོ་རིམ་བཟུང་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བཀྲིས་གཡང་རྩེ་ལུ་ རྩེད་རིགས་ཀྱི་སྒྲིང་ཁྱིམ་ཡང་ དགོཔ་འདུག་ཟེར་ཨིནམ་ད་ རྩེད་རིགས་ཀྱི་མཐུན་རྐྱེན་ཡོད་པ་ཅིན་ གཟུགས་ཁམས་ཡང་ སྒྲིང་སྒྲི་སྦེ་ བཞག་མི་ཚུགས་པས་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ཚུ་གིས་ སླབ་མིའི་ནང་ རྩེད་རིགས་ཀྱི་མཐུན་རྐྱེན་ལུ་སྒུག་སྟེ་ ལོ་ངོ་བཅུ་ཕྲག་ཡང་ ལང་ཡི་ཟེར་ཨིནམ་ད་ རྫོང་ཁག་གི་འགོ་དཔོན་ཚུ་ར་ སྤྲོ་བ་མེདཔ་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིན་པས།
རྩེད་རིགས་ཀྱི་ མཐུན་རྐྱེན་ཚུ་བཙུགས་པ་ཅིན་ ཚོང་རྐྱབ་མི་ཚུ་ལུ་ཡང་ ཕན་ཐོགས་ནི་མས་ཟེར་ཨིནམ་མ་ཚད་ རྒན་གཞོན་བར་གསུམ་མེད་པར་ རང་སོའི་ རིག་རྩལ་བཏོན་ཚུགས་ནི་མས་ཟེར་ཨིན་པས།
སྦས་གླིང་སློབ་གྲྭ་ལྟེ་བའི་སློབ་ཕྲུག་ ལྷུན་གྲུབ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྩེད་ཐང་དང་ མཐུན་རྐྱེན་ལེགས་ཤོམ་ཅིག་མེདཔ་ལས་ ངལ་གསོའི་སྐབས་ ན་གཞོན་ཚུ་ འབྲེལ་གཏོགས་བཞག་ཐབས་ཅིག་ མིན་འདུག་ཟེར་ཨིན་པས།
ཨིན་རུང་ རྫོང་ཁག་འཆར་གཞི་འགོ་དཔོན་ བསོད་ནམས་འཕྲིན་ལས་ཀྱིས་ སླབ་མིའི་ནང་ རྩེད་རིགས་དང་སྒྲིང་ཁྱིམ་རྐྱབ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༢༩༡.༧༤ བཞག་ཡོད་རུང་ མ་དངུལ་ཚད་གཞི་ལམ་ལུགས་ལུ་ དངུལ་ཀྲམ་ས་ཡ་༡༡༥ ལུ་ ཕབ་བཏངམ་ལས་ ཕུཊ་བཱོལ་དང་ བོ་ལི་བཱོལ་རྐྱངམ་གཅིག་ རྩེད་ཚུགས་ནི་མས་ཟེར་ཨིན་པས།
རྩེད་ཐང་དེ་ བཀྲིས་གཡང་རྩེ་ཁྲོམ་གྱི་འོག་ལུ་ རྐྱབ་ནི་ཨིནམ་ད་ བཟོ་རིག་འགོ་དཔོན་ཚུ་གིས་ ས་ཁྲ་ཚུ་ བཟོ་བའི་བསྒང་ཡོད་པའི་གནས་ཚུལ།

 

བཀྲིས་གཡང་རྩེ།གནས་བརྟན་རྡོ་རྗེ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *