བཀྲིས་གཡང་རྩེཔ་ཚུ་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ སྒུག་སྡོད་པའི་བསྒང་།

བཀྲིས་གཡང་རྩེ་ལུ་ རྒེད་འོག་༤ ནང་ གདམ་ངོའི་འཛོམས་འདུ་ མཇུག་བསྡུ་ཡོདཔ།

༉ བཀྲིས་གཡང་རྩེ་ལུ་ ཁ་ཙ་ཚུན་ རྒེད་འོག་༤ ནང་ གདམ་ངོའི་འཛོམས་འདུ་ མཇུག་བསྡུཝ་དང་འབྲེལ་ རྒེད་འོག་༣ ནང་ལས་ དང་འདོད་ཅན་གྱི་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་རེ་ གདམ་འཐུ་འབད་ཡི།

དེ་ཡང་ ཁམས་དྭངས་རྒེད་འོག་ལས་ བསོད་ནམས་བསྟན་འཛིན་དང་ སྟོང་ཞང་ལས་ ངག་དབང་བཀྲིས་ དེ་ལས་ རམ་འཇར་རྒེད་འོག་ལས་ ཕུར་པ་ཚེ་རིང་ གདམ་འཐུ་གྲུབ་ཡོདཔ་བཞིན་དུ་ འཛོམས་འདུ་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༡ ལུ་ འགོ་བཙུགས་ཡོདཔ་ཨིན་པས།

ཁམས་དྭངས་པ་ཚུ་གིས་ སྐྱེས་ལོ་༣༢ ལང་མི་ བསོད་ནམས་བསྟན་འཛིན་ལུ་ ཚོགས་རྒྱན་༣༠༢ བཙུགས་ཐོག་ལས་ གདམ་འཐུ་འབད་ཡོདཔ་བཞིན་དུ་ དོ་འགྲན་པ་གཞན་མི་ རྡོ་རྗེ་གིས་ ཚོགས་རྒྱན་༢༠༨ ལས་བརྒལ་ ཐོབ་མ་ཚུགས་པས།

འབྲུག་སྤྱིར་དབང་ཚོགས་པའི་འཐུས་མི་བགྲེཔས་ བསོད་ནམས་བསྟན་འཛིན་གྱིས་ རྒྱ་གར་ མ་ད་རཱསི་གཙུག་ལག་སློབ་སྡེ་ལས་ གློག་རིག་ཀམ་པུས་ཊར་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་ཨིན་པས།

རམ་འཇར་རྒེད་འོག་ལས་ དང་འདོད་ཅན་གྱི་ འདེམས་ངོ་ཕུད་རྡོག་ཅིག་ལས་བརྒལ་མེདཔ་ལས་ དགོ་དང་ མི་དགོ་གི་ བཙག་འཐུ་འབད་བའི་སྐབས་ གཡུས་གོ་ཆག་ལས་ སྐྱེས་ལོ་༣༩ ལང་མི་ ཕུར་པ་རྒྱལ་མཚན་གྱི་ དགོ་༣༡༣ དང་ མི་དགོ་༡༨ ཐོབ་སྟེ་ གདམ་འཐུ་གྲུབ་ནུག།

ཁོ་གིས་ སྤྱི་ལོ་༢༠༠༣ ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ རྫོང་ཁ་ཆོས་ཚན་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལས་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ གནས་ཚུལ་བསྡུ་ལེན་པ་དང་ ཞུན་དག་པའི་ ལཱ་འབད་སྡོད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྟོང་ཞང་རྒེད་འོག་ནང་ཡང་ འདེམས་ངོ་༡ ལས་བརྒལ་མེད་ནི་དེ་གིས་ དགོ་དང་མི་དགོ་ འབད་བའི་སྐབས་ སྐྱེས་ལོ་༣༥ ལང་མི་ ངག་དབང་བཀྲིས་ཀྱིས་ དགོ་༢༦༢ དང་ མི་དགོ་༢༧ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་བཞིན་དུ་ ཁོ་ལུ་ རྒྱ་གར་ བྱང་བེང་གཱལ་གཙུག་ལག་སློབ་སྡེ་ལས་ སྤྱིར་བཏང་ཆོས་ཚན་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ནུག།

རྫོང་ཁག་བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བཀྲིས་གཡང་རྩེ་ལུ་ དང་འདོད་ཅན་གྱི་ འདེམས་ངོ་ཨམ་སྲུ་༡ ཐོན་ཏེ་ཡོད་རུང་ འདེམས་ངོ་དེ་གིས་ ནང་འཁོད་ཀྱི་ དཀའ་ངལ་ལུ་བརྟེན་ བཅའ་མར་གཏོགས་མ་ཚུགས་པའི་སྐོར་ལས་ སྙན་ཞུ་འབད་དེས་ཟེར་ཨིན་པས།

རྫོང་ཁག་ནང་ རྒེད་འོག་༨ ཡོད་པའི་གྲས་ལས་ ཁམས་དྭངས་རྒེད་འོག་དང་ རམ་འཇར་ སྟོང་ཞང་ ཡ་ལང་ དེ་ལས་ གཡང་རྩེ་རྒེད་འོག་༤ མ་གཏོགས་ སྟོད་ཚོ་དང་ བུམ་བདེ་གླིང་ འཇམ་མཁར་རྒེད་འོག་ཚུ་ནང་ འདེམས་ངོ་ཐོན་མི་མེདཔ་ཨིན་པས།

ཁམས་དྭངས་རྒེད་འོག་ ནོར་མ་རིང་གཡུས་ཚན་ལས་ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་བདེ་ཆེན་གྱིས་ སླབ་མིའི་ནང་ ཚོགས་རྒྱན་བཙུགས་ནི་ གོ་སྐབས་དེ་ ལོ་༥ གི་ཤུལ་ལས་མ་གཏོགས་ ཐོབ་ནི་མེདཔ་ལས་ དུས་ཚོད་མེད་རུང་ དུས་ཚོད་ལོགས་སུ་སྦེ་ ལེན་ཐོག་ལས་ འོང་ཡི་ཟེར་ཨིནམ་མ་ཚད་ འཛོམས་འདུ་དེ་་ལུ་བརྟེན་ གདམ་ངོ་ཚུ་གི་སྐོར་ལས་ ཤེས་རྟོགས་ཚུགས་པས་ཟེར་ཨིན་པས།

རྒེད་འོག་༨ ཀྱི་གྲས་ལས་ ཁམས་དྭངས་རྒེད་འོག་ནང་ ཁྱད་ཚད་ལྡན་པའི་ མི་ངོམ་༣,༠༨༥ ཡོད་མི་དེ་ མཐོ་ཤོས་ཨིནམ་བཞིན་དུ་ དམའ་ཤོས་ར་ རམ་འཇར་རྒེད་འོག་ནང་ མི་ངོམ་༡,༦༦༢ ཡོདཔ་ཨིན་པས།

མ་གཞི་ ཁམས་དྭངས་རྒེད་འོག་ནང་ ཁྱད་ཚད་ལྡན་པའི་མི་ངོམ་ མཐོ་ཤོས་ཅིག་ཨིན་རུང་ ཚོགས་རྒྱན་བཙུགས་མི་༥༡༠ ལས་བརྒལ་ མ་འོངམ་ཨིན་པས།

སྐྱེས་ལོ་༦༡ ལང་མི་ དབང་འདུས་ཀྱིས་ སླབ་མིའི་ནང་ ཚོགས་རྒྱན་བཙུགས་ནི་དེ་ གལ་གནད་ཅན་ཅིག་ཨིན་ཟེར་ཨིནམ་ད་ ད་རེས་ རྒེད་འོག་ནང་ལས་ དང་འདོད་ཅན་གྱི་ འདེམས་ངོ་༢ ཐོན་མི་ལུ་ སེམས་དགའ་ཡོདཔ་མ་ཚད་ ལྕོགས་གྲུབ་ཅན་ཅིག་ གདམ་འཐུ་འབད་ནིའི་ གོ་སྐབས་ཐོབ་ཅི་ཨིན་པས།

མ་གཞི་ ད་རེས་ རྫོང་ཁག་བཙག་འཐུ་ཡིག་ཚང་ནང་ དང་འདོད་ཅན་གྱི་འདེམས་ངོ་ ཐོ་བཀོད་འབད་མི་༧ ལས་བརྒལ་མེད་རུང་ བཙག་འཐུ་འགོ་དཔོན་ཚུ་དང་འཁྲིལཝ་ད་ འདེམས་ངོ་ཚུ་གིས་ འཛོམས་འདུའི་སྐབས་ཡང་ བཅའ་མར་གཏོགས་ནི་ གོ་སྐབས་ཡོད་ཟེར་ཨིན་པས།

བཀྲིས་གཡང་རྩེ་ནང་ འགྲེམས་ཐོག་ཚོགས་རྒྱན་ བཙུགས་ནིའི་དོན་ལུ་ ཐོ་བཀོད་འབད་མི་ཚུ་བརྩིས་ཏེ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ཕོ་སྐྱེས་༨,༨༤༦ དང་ ཨམ་སྲུ་༩,༤༦༨ བརྩིས་ཏེ་ བསྡོམས་༡༨,༣༡༤ དེ་ཅིག་ ཡོདཔ་ཨིན་པས།

སྤྱི་ཟླ་༣ པའི་ཚེས་༦ ལུ་ གཡང་རྩེ་རྒེད་འོག་དང་ སྟོད་ཚོ་རྒེད་འོག་ནང་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༩ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ ཨོ་རྒྱན་རྡོ་རྗེ།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *