བཀྲིས་གཡང་རྩེ་ལུ་ དོགས་པ་ཅན་གྱི་ ཚད་ནད་ཌིང་གི་ཐོབ་མི་ཡར་སེང་།

༉ སྤྱི་ཟླ་༧ པའི་ཚེས་༣༡ གི་ ནང་འཁོད་ལུ་ བཀྲིས་གཡང་རྩེ་ དོག་གསུམ་ལུ་ དྲོད་འབར་རྐྱབ་མི་ ཡང་ཅིན་ ཚད་ནད་ཌིང་གི་ཐོབ་མི་༡༣༨ ཐོ་བཀོད་འབད་ནུག།
གསོ་བའི་འགོ་དཔོན་ཚུ་གིས་ དོག་གསུམ་ལུ་ ཚད་ནད་ཌིང་གི་བརྟག་དཔྱད་འཕྲུལ་ཆས་ ལག་ལེན་འཐབ་ཐོག་ལས་ དཔེ་ཚད་༦༤ དེ་ཅིག་ བརྟག་དཔྱད་འབད་མི་ལས་ ཌིང་གི་ཨེན་ཨེསི་ཝཱན་༡ ཐོབ་མི་༢ དང་ ཨའི་ཇི་ཨེམ་ཐོབ་མི་༤ དེ་ལས་ ཨའི་ཇི་ཨེམ་ནུས་གཟུགས་༢༡ ལུ་ ཐོབ་ཡོད་པའི་ མངོན་གསལ་བྱུང་ནུག།
ཨིན་རུང་ དར་ཁྱབ་སོང་མི་ ཚད་ནད་ཨིན་མེན་སྐོར་ལས་ ཐིམ་ཕུག་རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བ་གིས་ གཏན་འཁེལ་འབད་ནི་ཨིནམ་ད་ གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དབང་འཛིན་ལུ་ དཔེ་ཚད་བཏང་མི་ཚུ་ ས་གནས་ཁག་ཚུ་ནང་ སྣུམ་འཁོར་ལམ་བསུབས་མི་ལུ་བརྟེན་ དུས་ཚོད་འགོར་ཡོདཔ་ལས་ སྒུག་སྟེ་ཡོད་ཟེར་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༦ ལུ་ བཀྲིས་གཡང་རྩེ་སྨན་ཁང་གིས་ རྒྱལ་ཡོངས་སྔོན་བརྡ་ངོས་ལེན་ལམ་ལུགས་བརྒྱུད་དེ་ རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བ་གིས་ ངོས་འཛིན་འབད་མ་ཚུགས་པའི་ ནད་གཞི་དར་ཁྱབ་སོང་ཡོད་པའི་སྐོར་ ཁྱབ་བསྒྲགས་འབད་ཡོདཔ་ཨིན་པས།
དེ་བསྒང༌ དོག་གསུམ་ལུ་ དྲོད་འབར༌རྐྱབ༌པའི༌ ནདཔ་༧༦ གིས་ སྙན༌ཞུ༌འབད༌ནུག།
གསོ་བ་ལྷན་ཁག་གི གནས༌ཚུལ༌ གསར་བཏོན་དང་འཁྲིལཝ་ད་ བཀྲིས་གཡང་རྩེ་སྨན་ཁང་ནང་ ལྟ་རྟོག་དང་ འཛིན་སྐྱོང་གི་དོན་ལུ་ མི་༢༢ དེ་ཅིག་ བཞག་ཡོདཔ་མ་ཚད་ སྤྱི་ཟླ་༧ པའི་ཚེས་༢༨ ལུ་ ནདཔ་༡ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ བཏང་ཡི་ཟེར་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ གནད་དོན་མང་ཤོས་ར་ དྲོད་འབར་རྐྱབ་མི་དང་ རྐང་ཚིགས་ལག་ཚིགས་ན་མི་ མགུ་ཏོ་ན་མི་ དེ་ལས་ གཟུགས་ན་མི་ཚུ་ཨིན་ཟེར་ བཤདཔ་ཨིན་པས།
ནད་གཞི་ཐོབ་མི་ག་ར་ རྒྱ་གར་དང་ ལྷོ་ཕྱོགས་རྫོང་ཁག་ ཕུན་ཚོགས་གླིང་དང་ བསམ་རྩེ་ཚུ་ནང་སོང་མི་མེན་པས་ཟེར་ཨིནམ་ད་ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ཌེང་གི་དང་ ཅི་ཀུང་གུན་ཡ་དར་ཁྱབ་སོང་སྟེ་ཡོདཔ་ཨིན་པས།
རྫོང་ཁག་གསོ་བའི་སྡེ་ཚན་གྱིས་ ནད་གཞི་དར་ཁྱབ་ སོང་མི་དེ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ད་ ས་ཁོངས་ནང་ གསོ་བའི་བརྟག་དཔྱད་ཀྱི་ སྙན་ཞུ་དང་འཁྲིལ་ སྡེ་ཚན་གྱིས་ ནད་གཞི་དེ་ ཌེང་གི་དང་ ཅི་ཀུང་གུན་ཡ་ནད་འབུབ་ཨིན་པའི་ བསམ་འཆར་བཀོད་དོ་ཡོད་རུང་ རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བ་གིས་ གཏན་འཁེལ་འབད་འོང་ཟེར་ཨིན་པས།
ནད་གཞི་དེ་ བརྟག་ཞིབ་དང་ ངོས་ལེན་གྱིས་མ་དོ་བར་ བཀྲིས་གཡང་རྩེ་སྨན་ཁང་གི་ སྨན་བཅོས་གཙོ་འཛིན་གྱི་ འགོ་འདྲེན་ཐོག་ལས་ རྫོང་ཁག་སྔོན་བརྡ་སྡེ་ཚན་གྱིས་ དོག་གསུམ་དང་ ཉེ་འདབས་ཀྱི་ ས་ཁོངས་ཚུ་ནང་ ནད་གཞི་སྐོར་ལས་ གོ་བ་བརྡ་སྤྲོདཔ་མ་ཚད་ ནད་བཀག་ཐབས་ཀྱི་ ཐབས་ཤེས་ཚུ་ཡང་ བཏོན་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༠ ལུ་ ས་ཁོངས་ཚུ་ནང་ ནད་ཡམས་བརྟག་དཔྱད་ཀྱི་ རྒྱབ་སྐྱོར་གྱི་དོན་ལུ་ བརྟག་དཔྱད་མཁས་མཆོག་ཚུ་ བཏང་ཡོདཔ་བཞིན་དུ་ ནད་བཀག་ལྟེ་བ་གིས་ གནས་སྟངས་ཚུ་ ཉིན་བསྟར་བཞིན་དུ་ ལྟ་རྟོག་འབད་དེ་ རྫོང་ཁག་སྔོན་བརྡ་སྡེ་ཚན་ལུ་ སྙན་ཞུ་འབད་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༨ ལུ་ གསོ་བའི་གཙོ་འཛིན་གྱིས་ ནད་གཞི་དར་ཁྱབ་སོང་བའི་སྐོར་ལས་ གསོ་བ་ལྷན་ཁག་གི་ བཀག་ཐབས་ལས་རིམ་ལུ་ སྙན་ཞུ་འབད་ཡོདཔ་ད་ གཟན་དོམ་ནད་གཞི་བཀག་ཐབས་ལས་རིམ་གྱི་ ནད་ཡམས་བརྟག་དཔྱད་སྡེ་ཚན་ སྤྱི་ཟླ་༧ པའི་ཚེས་༣༠ ལུ་ རྡོ་སུམ་ལུ་བཏང་ཡོདཔ་ཨིན་པས།
གསོ་བ་ལྷན་ཁག་གིས་ དོག་གསུམ་དང་ ཉེ་འདབས་ལུ་སྡོད་མི་ དེ་ལས་ ལྷོ་ཕྱོགས་རྫོང་ཁག་དང་ ཚ་དྲོད་ཀྱི་ ས་ཁོངས་ཚུ་ནང་ སྡོད་མི་ཚུ་ གཟན་དོམ་གྱིས་ སོ་བཏབ་ནི་ལས་ བཀག་ཐབས་འབད་དགོ་པའི་ ཞུ་བསྐུལ་འབད་དེ་ཡོདཔ་ཨིན་པས།
དེ་གི་ནང་ལས་ཡང་ མི་ཚུ་གིས་ ཉི་མ་དང་ ནམ་ལངས་ དེ་ལས་ ནམ་སྲོ་ཁམས་ལུ་ ཁེན་འཇར་ལགཔ་རིངམོ་དང་ དོརམ་ཚུ་ གྱོན་དགོཔ་མ་ཚད་ རང་སྡོད་སའི་ མཐའ་འཁོར་ཚུ་ ཧིང་སངས་ས་ བཞག་གནང་ཟེར་ ཁྱབ་བསྒྲགས་འབདཝ་ཨིན་པས།
གལ་སྲིད་ དྲོད་འབར་རྐྱབ་ནི་དང་ མགུ་ཏོ་ན་ནི་ མིག་ཏོ་གི་རྒྱབ་ཁ་ལས་ན་ནི་ རྐངམ་དང་ ལག་ཚིགས་ཤུགས་སྦེ་ན་ནི་ ཐང་ཆད་ནི་ ཁ་ལས་བསྐྱུག་ནི་ལ་སོགས་པའི་ ནད་བརྟག་ཐོན་པ་ཅིན་ ཉེ་འདབས་ཀྱི་ སྨན་ཁང་ནང་ འགྱོ་གནང་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *