ལྟ་བཤལ་པའི་ ས་ཁོངས་སྦེ་ བཟོ་ནི་གི་ འོས་འབབ་སྦོམ་ཡོད་མི་ བཀྲིས་གཡང་རྩེ་རྫོང་ཁག་གི་ལུང་གཤོང་།

བཀྲིས་གཡང་རྩེ་རྫོང་ཁག་དེ་ ལྟ་བཤལ་གྱི་ ས་ཁོངས་ཅིག་སྦེ་བཟོ་ནིའི་ལས་འཆར།

༉ བཀྲིས་གཡང་རྩེ་དེ་ གནས་དང་ལམ་སྲོལ་ དེ་ལས་ སྐྱེ་ལྡན་སྣ་ཚོགས་ཀྱིས་ཕྱུག་པའི་ རྫོང་ཁག་ཅིག་ཨིན་པས།

དེ་མ་ཚད་ རྒྱལ་ཡོངས་ཀྱི་ཕྱེམ་ལ་ ལུཌ་ལོ་བྷུ་ཏཱན་གོ་ལོ་རི་འཁྱམས་སའི་ ས་ཁོངས་ཅིག་ཡང་ཨིན་པའི་ཁར་ གནམ་དགུན་ལུ་ བྱ་ཁྲུང་ཁྲུང་སྐེ་ནག་ཚུ་འཁྱམས་སའི་ ས་ཁོངས་ཅིག་ཨིནམ་ལས་ ལྟ་བཤལ་གྱི་ རྫོང་ཁག་སྦེ་ བཟོ་ནི་གི་ འོས་འབབ་སྦོམ་ཡོདཔ་ཨིན་པས།

རྫོང་ཁག་དེ་ ལྟ་བཤལ་གྱི་ འོས་འབབ་སྦོམ་ཡོད་རུང་ གཞི་རྟེན་མཐུན་རྐྱེན་མེད་མི་ལུ་བརྟེན་ རྫོང་ཁག་ནང་ སྤྱི་ལོ་༢༠༡༧ ལུ་ ལྟ་བཤལཔ་༨༩༤ ལས་མ་འོང་མི་དེ་ ནུབ་ཕྱོགས་རྫོང་ཁག་དང་ཕྱདཔ་ད་ ཉུང་ཤོས་ཅིག་ཨིན་པས།

ག་དེམ་ཅིག་སྦེ་ གཞུང་གིས་ ལྟ་བཤལ་དང་འབྲེལ་བའི་ གཞི་རྟེན་དང་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་བ་ཅིན་ ཤར་ཕྱོགས་རྫོང་ཁག་༦ ལས་ བཀྲིས་གཡང་རྩེ་དེ་ ལྟ་བཤལ་ཀྱི་ ས་ཁོངས་སྦེ་ བཟོ་ནི་ལུ་ འོས་འབབ་ཡོད་ཟེར་ རྫོང་ཁག་འགོ་དཔོན་ཚུ་གིས་ བཤད་པའི་ཁར་ ལྟ་བཤལ་ལུ་བརྟེན་ ས་གནས་ཀྱི་མི་ཚུ་གིས་ འོང་འབབ་བཟོ་ནི་ལུ་ཡང་ ལྷན་ཐབས་འབྱུང་ཚུགས་ཟེར་ བཤདཔ་ཨིན་པས།

བཀྲིས་གཡང་རྩེའི་རྫོང་བདག་ ཐུགས་རྗེ་ཚེ་རིང་གིས་ སླབ་མིའི་ནང་ སྐྱེ་ལྡན་སྣ་ཚོགས་དང་ གནས་ཆེན་ལེ་ཤ་ཡོད་པའི་ཁར་ ལག་བཟོ་དང་ ལམ་སྲོལ་མ་འདྲཝ་ ལེ་ཤ་ཡོདཔ་ལས་ ལྟ་བཤལ་གྱི་ ས་ཁོངས་སྦེ་ བཟོ་ནི་གི་ འོས་འབབ་སྦོམ་ཡོད་ཟེར་ཨིན་པས།

རྫོང་ཁག་དེ་ འཁོར་ལམ་གྱི་ མཐའ་མ་འབདཝ་ལས་ ལྟ་བཤལཔ་དེ་ཅིག་ར་ མི་འོང་པས་ཟེར་ རྫོང་བདག་གིས་ བཤད་པའི་ཁར་ སྡོད་སའི་ཟ་ཁང་ཚུ་ ལེགས་ཤོམ་མེད་པའི་ཁར་ ཡོད་མི་ཚུ་ནང་ཡང་ མི་གངམ་མི་ཤོང་པས་ཟེར་ བཤདཔ་ཨིན་པས།

མཐུན་རྐྱེན་གྱིས་ མ་ཚད་པར་ འཁོར་ལམ་ལེགས་ཤོམ་མེད་མི་དང་ ཡོན་ཕུ་ལ་ནང་འཁོད་གནམ་གྲུའི་མཐུན་རྐྱེན་དེ་ ཚད་ཅིག་ལས་བརྒལ་མེད་མི་ལུ་བརྟེན་ ལྟ་བཤལཔ་ཉུང་སུ་འོངམ་མས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ལྟ་བཤལ་ཚོགས་སྡེའི་སྙན་ཞུ་༢༠༡༩ ཅན་མ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ བཀྲིས་གཡང་རྩེ་ལུ་ ལྟ་བཤལཔ་༡,༠༣༡ ལྷོད་ཡོདཔ་ད་ སྤྱི་འོག་༢༠༡༩ ལུ་ ལྟ་བཤལཔ་༡,༤༡༡ ལྷོད་མི་དེ་ བརྒྱ་ཆ་༣༦.༨༦ དེ་ཅིག་ ཡར་སེང་སོང་ནུག། 

ལྟ་བཤལ་གྱི་ གཞི་རྟེན་ཁང་དང་ མཐུན་རྐྱེན་ཚུ་ མེད་མི་ལུ་བརྟེན་ ལྟ་བཤལ་ལས་སྡེ་ཚུ་གིས་ བཀྲིས་གཡང་རྩེ་རྫོང་ཁག་ནང་ ཉིན་མ་རྐྱངམ་གཅིག་ ལྟ་བཤལཔ་ཚུ་ ཁྱིད་འོང་དོ་ཡོདཔ་ལས་ མི་སེར་ཚུ་ལུ་ ཕན་ཐོགས་དེ་ཅིག་ར་མེདཔ་ཨིན་པས།

ལྟ་བཤལཔ་ཚུ་གིས་ རྫོང་ཁག་གི་གནས་དང་ སྐྱེ་ལྡན་སྣ་ཚོགས་ཚུ་ ལོངས་སྤྱོད་དེ་ རྫོང་ཁག་ནང་ ཕྱགས་སྙིགས་རྐྱངམ་གཅིག་བཞག་དོ་ཡོདཔ་ལས་ ད་ལྟོ་ ལྟ་བཤལ་ལས་ ཁེ་ཕན་དེ་ཅིག་ར་མེད་ཟེར་ རྫོང་བདག་ཐུགས་རྗེ་ཚེ་རིང་གིས་ བཤད་པའི་ཁར་ མི་སྡེའི་ནང་ ཕན་ཐོགས་འབྱུང་ཐབས་ལུ་ ལྟ་བཤལ་ལམ་སྟོན་པ་དང་ གཡུས་ཁའི་ལྟོ་ དེ་ལས་ རྟ་ལ་སོགས་པའི་མཐུན་རྐྱེན་ཚུ་ ལག་ལེན་འཐབ་བཅུག་ནིའི་ ཐབས་ལམ་བཏོན་པའི་བསྒང་ཡོད་ཟེར་ བཤདཔ་ཨིན་པས།

བཀྲིས་གཡང་རྩེ་ལུ་ སོ་ནམ་དང་འབྲེལ་བའི་ ལྟ་བཤལ་གྱི་ འོས་འབབ་ཡང་ཡོད་ཟེར་ཨིནམ་ད་ ལྟ་བཤལཔ་ཚུ་གིས་ དངོས་སུ་སྦེ་ ཟླ་པ་དང་ཕོརཔ་ཚུ་ ག་དེ་སྦེ་ བཟོཝ་ཨིན་ན་དང་ ཉམས་མྱོང་ལེན་ནིའི་ གོ་སྐབས་ཡང་ཡོད་ཟེར་ཨིན་པས།

གཞུང་གིས་ ལུང་ཕྱོགས་ནང་ ལྟ་བཤལ་འདྲ་མཉམ་སྦེ་ ཡར་རྒྱས་གཏང་ནིའི་ སྲིད་བྱུས་དང་འཁྲིལ་ རྫོང་ཁག་གིས་ ལྟ་བཤལ་དང་འབྲེལ་བའི་ མཐུན་རྐྱེན་ རྟ་ལམ་བསལ་ནི་དང་ རྐང་ལམ་ཉམས་བཅོས་འབད་ནི་ དེ་ལས་ ངལ་གསོ་སའི་ས་ཁོངས་ཚུ་ བཟོ་ཡོདཔ་ད་ ས་གནས་ནང་ ལྟ་བཤལ་པའི་དོན་ལུ་ ག་ཅི་ཡོདཔ་ཨིན་ན་ ཕྱི་ཁར་གསལ་སྟོན་འབད་ནི་ཡང་ འགོ་བཙུགས་ཡོདཔ་ཨིན་པས།

རྫོང་རབ་གོངམ་ བླམ་རྡོ་རྗེ་གིས་འབད་བ་ཅིན་ རྫོང་ཁག་ནང་ ལྟ་བཤལ་གྱི་ ལམ་གོང་འཕེལ་གཏང་ཐབས་ལུ་ ལྟ་བཤལ་དང་འབྲེལ་བའི་ ལཱ་ལེ་ཤ་ཅིག་ར་་འབད་དེ་ཡོད་ཟེར་ཨིནམ་ད་ ས་གནས་ཀྱི་ མི་ཚུ་ལུ་ སྡོད་གནས་བཟོ་ནིའི་ སྦྱོང་བརྡར་ཡང་ བྱིན་བཞིན་དུ་ཡོད་ཟེར་ཨིན་པས།

རྫོང་རབ་ཀྱིས་ ལྟ་བཤལཔ་འོང་བཅུག་ཐབས་ལུ་ རྫོང་ཁག་གི་ འགོ་འདྲེན་ཐོག་ལས་ འབུམ་སྡེ་གླིང་ལུ་ སྐྱེ་ལྡན་ཟ་ཁང་ཅིག་རྐྱབ་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ དེ་གི་དོན་ལུ་ ས་ཁོངས་ངོས་འཛིན་འབད་ཡོདཔ་མ་ཚད་ ས་ཁྲ་ཚུ་ཡང་ བཟོ་བའི་བསྒང་ཡོད་ཟེར་ བཤདཔ་ཨིན་པས།

རྩིས་ལོ་༢༠༡༨ དང་༢༠༡༩ ནང་ དངུལ་ཀྲམ་ས་ཡ་༡.༦ བཏང་ཐོག་ལས་ ས་གནས་ག་ཟི་བོ་ལས་ ཨོྃྃམ་སྦ་གནས་ཚུན་ རྐང་ལམ་བཟོ་ཡོདཔ་ད་ ཤག་ཤིང་དགོན་པ་དང་ སྣང་མཁར་རྡོར་གདན་མཆོད་རྟེན་ བཙན་ཁར་ལའི་ ཟངས་དོག་དཔལ་རི་དང་ བྱང་ཕུག་རྩེ་ དེ་ལས་ གུང་ཇ་གནས་ཚུ་ནང་ ཁང་མིག་གཉིས་འབད་མི་ གསང་སྤྱོད་ཚུ་ རྐྱབ་ཡོདཔ་ཨིན་པས།

རྫོང་ཁག་དཔལ་འབྱོར་གོང་འཕེལ་འགོ་དཔོན་ འཆི་མེད་གཡུ་སྒྲོན་གྱིས་ སླབ་མིའི་ནང་ པདྨ་གླིང་གནས་ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་༡.༩ བཏང་ཐོག་ལས་ ཉིན་ལམ་༣ གྱི་རྐང་ལམ་ཚུ་ བསལ་ཡོདཔ་བཞིན་དུ་ དེ་བཟུམ་སྦེ་ བཀྲིས་གཡང་རྩེ་དང་ མོང་སྒར་རྫོང་ཁག་གི་ ས་མཚམས་ཁར་ཡོད་པའི་ ཤེལ་རི་རྫོང་གི་དོན་ལུ་ དངུལ་ཀྲམ་ས་ཡ་༠.༡༥ བཏང་ཐོག་ལས་ རྟ་ལམ་བསལ་ཡི་ཟེར་ཨིན་པས། 

མོ་གིས་ སླབ་མིའི་ནང་ ལྟ་བཤལཔ་གོང་འཕེལ་གཏང་ཐབས་ལུ་ ན་ཧིང་ གནམ་སྒང་སྐོར་ར་དང་འབྲེལ་ བཟའ་འཐུང་དུས་སྟོན་བརྩི་སྲུང་ཞུ་ནིའི་ འཆར་གཞི་ཡོད་རུང་ ནད་ཡམས་ལུ་་བརྟེན་ མཚམས་འཇོག་འབད་དགོཔ་ཐོན་ཡི་ཟེར་ཨིནམ་ད་ བཟོ་རིགས་དུས་སྟོན་ཡང་ བཀག་དགོཔ་ཐོན་ཡི་ཟེར་ཨིན་པས།

ད་རུང་ ས་གནས་ཞག་སྤང་ལས་ རིགས་གསུམ་དགོན་པ་དང་ དེ་ཁ་ལས་སྦེ་ བདེ་ཆེན་ཕོ་བྲང་ཚུན་ རྒྱལ་ཡོངས་ཕྱེམ་ལ་རྐང་ལམ་བསལ་ནིའི་ འཆར་གཞི་ཡོདཔ་ད་ དེ་བཟུམ་སྦེ་ དངུལ་ཀྲམ་ས་ཡ་༡༠.༣༢༥ ཟད་འགྲོ་བཏང་ཐོག་ལས་ འབུམ་སྡེ་གླིང་ལས་ ལྷུན་རྩེ་མཁོ་མ་ཚུན་ རྒྱལ་ཡོངས་ཕྱེམ་ལ་རྐང་ལམ་བསལ་ནིའི་ འཆར་གཞི་ཡོད་ཟེར་ འཆི་གཡུ་སྒྲོན་གྱིས་ བཤདཔ་ཨིན་པས།

རྫོང་བདག་གིས་འབད་བ་ཅིན་ སྡོད་གནས་བཟོ་མི་ཚུ་ལུ་ བཟའ་འཐུང་དང་འབྲེལ་བའི་ སྦྱོང་བརྡར་ཚུ་ བྱིན་ཏེ་ཡོད་ཟེར་ཨིནམ་ད་ ས་གནས་ཤིང་འཕེལ་ལས་ གུང་པ་༥ དེ་ཅིག་ལུ་ སྡོད་གནས་བཟོ་ནིའི་དོན་ལུ་ ནུབ་ཕྱོགས་རྫོང་ཁག་ནང་ ལྟ་བཤལ་ལུ་བཏང་ཡི་ཟེར་ཨིན་པས།

ཤིང་འཕེལ་ལུ་ པདྨ་གླིང་གི་གནས་ཡོདཔ་ལས་ སྡོད་གནས་བཟོ་བ་ཅིན་ མ་འོངས་པ་ལུ་ ལྟ་བཤལ་ལས་ འོང་འབབ་བཟོ་ནིའི་ འོས་འབབ་འདུག་ཟེར་ཨིནམ་ད་ ལྟ་བཤལ་གོང་འཕེལ་གཏངམ་དང་འབྲེལ་ ས་གནས་ཀྱི་མི་ཚུ་ ས་མཚམས་ཁར་ བཞག་ཐབས་ལུ་དམིགས་ཏེ་ རྒྱབ་སྐྱོར་འབད་དོ་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པས།

འབུམ་སྡེ་གླིང་རི་དྭགས་སྲུང་སྐྱོབ་ས་ཁོངས་ཀྱི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ས་ཁོངས་ནང་ མངལ་སྐྱེས་སྲོག་ཆགས་༡༠༠ དང་ བྱ་རིགས་༤༣༢ ཨོ་ལོ་ཚལ་གྱི་རིགས་༤༦ སྔོ་ཤིང་གི་རིགས་༦༥༠ དང་ ཕྱེམ་ལའི་རིགས་༡༣༠ དེ་ལས་ ཉ་རིགས་༤༥ དེ་ཅིག་ བལྟ་ནི་གི་ གོ་སྐབས་ཡོད་ཟེར་ཨིན་པས།

རྫོང་ཁག་ནང་ ལྟ་བཤལ་གོང་འཕེལ་གྱི་དོན་ལུ་ འཆར་གཞི་ཨམ་ བརྩམས་ཡོད་པའི་ཁར་ དེ་གི་དམིགས་གཏད་ངོ་མ་ར་ ས་གནས་ཀྱི་ མི་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་སྤྲོད་ནི་དང་ ལྟ་བཤལ་ལུ་བརྟེན་པའི་ འོང་འབབ་བཟོ་ནི་ དེ་ལས་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འོང་མི་ མར་ཕབ་དང་ ལྷག་པར་དུ་ རང་བཞིན་གནས་སྟངས་དང་ ལམ་སྲོལ་ཚུ་ ཉམས་སྲུང་འབད་ཐབས་ལུ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ། 

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *