བཀྲིས་གཡང་རྩེ་རྫོང་ཁག་ནང་ ཆུ་ཤོག་བཀག་དམ་ མཐར་འཁྱོལ་བྱུང་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཆུ་ཤོག་བཀག་དམ་འབད་བའི་ཤུལ་ལུ་ ཆུ་ཤོག་ལག་ལེན་འཐབ་མི་ བརྒྱ་ཆ་༨༠ དེ་ཅིག་ མར་བབས་སོང་ཡོདཔ་ཨིན་པས།
དེ་ཡང་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༡ ལས་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱིས་ ཆུ་ཤོག་ལག་ལེན་འཐབ་མ་ཆོག་པའི་གསལ་བསྒྲགས་འབད་མི་དང་འཁྲིལ་ རྫོང་ཁག་བདག་སྐྱོང་གིས་ གོ་བརྡའི་ཤེས་ཡོན་དང་ ཞིབ་དཔྱད་དམ་དམ་འབད་མི་ལུ་བརྟེན་ཏེ་ཨིན་པས།
བཀྲིས་གཡང་རྩེ་ཁྲོམ་ཁར་ ཚོང་ཆས་དང་ ཚོད་བསྲེ་བཙོང་མི་ཚུ་གིས་ ཆུ་ཤོག་ལག་ལེན་འཐབ་ནི་ མར་བབས་སོང་ཡོདཔ་ད་ ཨིན་རུང་ ཚོང་མགྲོན་པ་ཚུ་གིས་ ཆུ་ཤོག་དགོ་པའི་སྐོར་ལས་ སླབ་མི་ཐོན་དོ་ཡོདཔ་ལས་ ཆུ་ཤོག་གི་ཚབ་ རས་ཀྱིས་བཟོ་མི་ཕད་ཅུང་ཚུ་ བྱིན་དོ་ཡོདཔ་ཨིན་པས།
ཁྲོམ་སྡེའི་འཐུས་མི་ ཨྱོན་ལྷ་མོ་གིས་ སླབ་མིའི་ནང་ རྫོང་ཁག་བདག་སྐྱོང་གིས་ ཆུ་ཤོག་ལག་ལེན་འཐབ་མ་ཆོག་པའི་སྐོར་ལས་ གོ་བརྡའི་ཤེས་ཡོན་བྱིན་པའི་མཐའ་མར་ ཧེ་མ་དང་ཕྱདཔ་ད་ མར་བབས་སོང་ཡི་ཟེར་ཨིནམ་ད་ མི་མང་ལས་འབད་རུང་ ངོས་ལེན་ལེགས་ཤོམ་འདུག་ཟེར་ ཨིན་པས།
རྫོང་ཁག་ལ་ལོ་ཅིག་ནང་ རྡོག་མ་བཙུགས་ནིའི་དོན་ལུ་ ཆུ་ཤོག་ལག་ལེན་འཐབ་བཅུག་དོ་ཡོདཔ་ལས་ བཀྲིས་གཡང་རྩེ་ལུ་ ག་ཅི་སྦེ་ དམ་དམ་འབདཝ་ཨིན་ན་ཟེར་བའི་ དྲི་བ་བཀོད་མི་ཡང་ འཐོན་ནི་འདུག་ཟེར་ མོ་གིས་བཤདཔའི་ཁར་ རྡོག་མའི་ཆུ་ཤོག་དེ་ ལག་ལེན་འཐབ་མ་ཆོགཔ་སྦེ་ གསལ་བསྒྲགས་ནང་ཚུད་དེ་འདུག་ཟེར་བའི་ དོགས་སེལ་འབད་དོ་ཟེར་ཨིན་པས།
རྫོང་ཁག་མཐའ་འཁོར་འགོ་དཔོན་ རྡོ་རྗེ་སྒྲོལ་མ་གིས་ སླབ་མིའི་ནང་ ཧེ་མ་དང་ཕྱདཔ་ད་ ཁྲོམ་ཁར་ ཆུ་ཤོག་ལག་ལེན་འཐབ་མི་ མར་བབས་སོང་ཡོདཔ་ལས་ ཆུ་ཤོག་བཀག་དམ་འབདཝ་ད་ དེའི་ཚབ་སྦེ་ གདམ་ཁ་སྤྲོད་དགོཔ་ལས་ ཕད་ཅུང་ཡང་བཀྲམ་སྤེལ་འབད་ཡི་ཟེར་ཨིན་པས།
ཆུ་ཤོག་བཀག་དམ་འབད་མི་ལུ་ མི་མང་གིས་ རྒྱབ་སྐྱོར་འདུག་ཟེར་ཨིནམ་ད་ ཧང་ཏོང་མར་ གཡང་རྩེ་དང་ དོག་གསུམ་ཁྲོམ་ཁར་ ཞིབ་དཔྱད་འབད་བར་འགྱོ་དོ་ཟེར་ཨིནམ་ད་ མི་སེར་ཚུ་ལུ་ རང་སོའི་ཕད་ཅུང་རེ་ འབག་འོང་དགོ་པའི་སྐོར་ལས་ གོ་བརྡ་སྤེལ་དོ་ཟེར་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ བཀྲིས་གཡང་རྩེ་ལུ་ཡོད་པའི་ འབྲེལ་བའི་ཡིག་ཚང་དང་ ལས་སྡེ་ཚུ་གིས་ བཀྲིས་གཡང་རྩེ་དེ་ ཧིང་སངས་ས་བཞག་དགོ་པའི་སྐོར་ལས་དང་ ཆུ་ཤོག་བཀག་དམ་ ལག་ལེན་འཐབ་དགོ་པའི་སྐོར་ལས་ ཁྱབ་བསྒྲགས་ཡང་ ལོགས་སུ་སྦེ་འབད་དེ་འདུག།
ཁྱབ་བསྒྲགས་ནང་ ཆུ་ཤོག་ལག་ལེན་འཐབ་མ་འཐབ་ཀྱི་དོན་ལུ་ རྫོང་ཁག་དང་ ཁྲོམ་སྡེའི་འགོ་དཔོན་ དེ་ལས་ ཁྲིམས་སྲུང་འགོ་དཔོན་ཚུ་གིས་ ཟླ་རིམ་བཞིན་དུ་ ཉེ་འདབས་ཀྱི་ས་གནས་ཚུ་ནང་ ཞིབ་དཔྱད་འབད་འོང་ཟེར་ བཀོད་དེ་ཡོད་པའི་ཁར་ རྫོང་ཁག་ཕྱགས་སྙིགས་འཛིན་སྐྱོང་ཚོགས་ཆུང་གིས་ཡང་ ལྟ་རྟོག་འབད་འོང་ཟེར་ བཀོད་དེ་འདུག།
ཚོང་པ་བཀའ་འགྱུར་དབང་མོ་གིས་ སླབ་མིའི་ནང་ ཚོང་མགྲོན་པ་ལ་ལོ་ཅིག་གིས་ ཚོང་ཉོཝ་ད་ ཆུ་ཤོས་ཡོད་ག་ཟེར་དྲི་མི་ཡང་འདུག་ཟེར་ཨིནམ་ད་ ཆུ་ཤོག་གི་ཚབ་ལུ་ དངུལ་ཀྲམ་༡༠ རེ་བཏོགས་ཏེ་ རས་ཀྱི་ཕད་ཅུང་ཚུ་ བྱིན་དོ་ཟེར་ཨིན་པས།
འཕྲལ་འཕྲལ་ ཚོང་མགྲོན་པ་ཚུ་ལུ་ རང་སོའི་ཕད་ཅུང་ འབག་དགོ་པའི་སྐོར་ལས་ གོ་བརྡ་སྤྲོད་དོ་ཟེར་ མོ་གིས་བཤད་པའི་ཁར་ ལ་ལོ་ཅིག་གིས་ འབག་འོངམ་མས་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཆུ་ཤོག་ལག་ལེན་འཐབ་མི་ ལེ་ཤ་ཡོད་ཟེར་ ཚོད་བསྲེ་བཙོང་མི་ མགོན་པོ་གཡུ་སྒྲོན་གྱིས་ བཤད་པའི་ཁར་ རུལ་བཏུབ་པའི་ ཕད་ཅུང་ཚུ་སྤྲོད་དོ་ཟེར་ ཨིན་པས།
ཚོང་པ་ཅིག་གིས་ སླབ་མིའི་ནང་ ས་གནས་ལ་ལོ་ཅིག་ནང་ རྡོག་མའི་ཆུ་ཤོག་ ལག་ལེན་འཐབ་བཅུག་དོ་ཡོདཔ་ལས་ བཀྲིས་གཡང་རྩེ་ལུ་ ལག་ལེན་འཐབ་མ་བཅུག་མི་དེ་ ག་ཅི་སྦེ་ཨིན་ན་ ཧ་མི་གོ་མི་ཚུགས་པས་ཟེར་ཨིནམ་ད་ ལ་ལོ་ཅིག་གིས་ རྡོག་མ་ལེགས་ཤོམ་མིན་འདུག་ཟེར་བའི་ ཉོགས་བཤད་བཀོད་མི་ཡང་ འདུག་ཟེར་ཨིན་པས།
ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ཆུ་ཤོག་ལག་ལེན་འཐབ་མ་ཆོགཔ་སྦེ་ བཟོ་མི་དེ་གིས་ ལེགས་ཤོམ་སོང་ཡི་ཟེར་ཨིནམ་ད་ དེ་གིས་ མཐའ་འཁོར་ཧིང་སངས་ས་བཞག་ཚུགས་པའི་ཁར་ བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ མཐའ་འཁོར་གནས་སྟངས་དང་འཁྲིལ་ ལཱ་འབད་ནི་ལུ་ ཕན་ཐོགས་ནི་མས་ཟེར་ཨིན་པས།
བཀྲིས་གཡང་རྩེ་ཁྲོམ་ཁར་ ཆུ་ཤོག་བཀག་དམ་འབད་བའི་མཐའ་མར་ ཆུ་ཤོག་གི་ཚབ་སྦེ་ ཕད་ཅུང་ལག་ལེན་འཐབ་ནིའི་དོན་ལུ་ ཚེམ་ཁང་ལ་ལོ་ཅིག་གིས་ གོང་ཚད་མར་ཕབ་ཐོག་ལས་ ཕད་ཅུང་༡,༥༠༠ ལྷགཔ་ཅིག་ བཙོང་ཡོདཔ་ད་ ལ་ལོ་ཅིག་གིས་ ཟླ་རིམ་བཞིན་དུ་ ཕད་ཅུང་༣༠༠ དང་༤༠༠ འི་བར་ན་ བཙོང་དོ་ཡོད་པའི་གནས་ཚུལ།

བཀྲིས་གཡང་རྩེ། གནས་བརྟན་རྡོ་རྗེ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *