རྫོང་ཁག་ཚོགས་འདུ་ནང་ གྲལ་གཏོགས་འབད་མི་ཚུ་གིས་ ཉིན་མའི་བཞེས་སྒོ་སྐབས་ ཟླ་པ་དང་ཕོརཔ་ ལག་ལེན་འཐབ་པའི་བསྒང།

བཀྲིས་གཡང་རྩེ་རྫོང་ཁག་གིས་ ཟླ་པ་དང་ཕོརཔ་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ།

སྤྱི་ཟླ་༣ པའི་ཚེས་༥ ལུ་ བཀྲིས་གཡང་རྩེ་རྫོང་ཁག་ཚོགས་འདུ་ ཐེངས་༤ པ་ འཚོགསཔ་དང་འབྲེལ་ སྔར་སྲོལ་ལམ་ལུགས་ གོང་འཕེལ་གཏང་ཐབས་ལུ་དམིགས་ཏེ་ ཚོགས་འདུའི་འཐུས་མི་ཚུ་གིས་ བཞེས་སྒོ་ཚུ་ རང་ལུགས་ལག་བཟོ་ ཟླ་པ་དང་ ཕོརཔ་ནང་སྦེ་ ཟ་ནིའི་ལམ་ལུགས་ཅིག་ འགོ་བཙུགས་ཅི།

ལམ་ལུགས་དེ་ཡང་ འཕྲལ་ཁམས་ཅིག་ཁར་ དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ རྫོང་ཁག་ནང་ གཟིགས་སྐོར་གནང་པའི་སྐབས་ འགོ་དཔོན་ཚུ་ལུ་ གཞུང་འབྲེལ་གྱི་ ཞལ་འཛོམས་འཚོགསཔ་ད་ ནང་འཁོད་ཀྱི་ ཐོན་སྐྱེད་ཟླ་པ་དང་ ཕོརཔ་ལག་ལེན་འཐབ་པ་ཅིན་ ག་དེ་སྦེ་ འཚམས་ག་ཟེར་ ཐུགས་འཆར་བཀོད་པའི་ཤུལ་ལས་ འགོ་བཙུགས་ཡོདཔ་ཨིན་པས།

ཟླ་པ་དང་ ཕོརཔ་ཚུ་ཡང་ དངུལ་རྩིས་ལྷན་ཁག་གིས་ དངུལ་ཀྲམ་ས་ཡ་༠.༣ ཟད་འགྲོ་བཏང་ཐོག་ལས་ རྫོང་ཁག་ནང་ཡོད་པའི་ ཟླ་པ་ཚོང་ཁང་ཚུ་ལས་ མཁོ་སྒྲུབ་འབད་ནུག།

ཟླ་པ་༦༠ དང་ ཕོརཔ་༨༠ དེ་ཅིག་ མཁོ་སྒྲུབ་འབད་མི་དེ་ རྫོང་ཁག་ཚོགས་འདུའི་ འཐུས་མི་རེ་ལུ་ བགོ་བཀྲམ་འབད་ཡི།

བཀྲིས་གཡང་རྩེ་རྫོང་རབ་ བླམ་རྡོ་རྗེ་གིས་ སླབ་མིའི་ནང་ ནང་འཁོད་ཀྱི་ ལག་བཟོ་ཚུ་ རྫོང་ཁག་ནང་ ཐོན་སྐྱེད་འབད་དོ་ཡོདཔ་ལས་ གཞུང་འབྲེལ་གྱི་ ཞལ་འཛོམས་སྐབས་ རང་ལུགས་ཀྱི་ ལམ་སྲོལ་ཐོག་ལས་ བཞེས་སྒོ་ཟ་ནི་ལུ་ འོས་འབབ་སྦོམ་མཐོང་མི་ལུ་བརྟེན་ འགོ་བཙུགས་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ལམ་ལུགས་དེ་གིས་ ལག་བཟོ་བཟོ་མི་ཚུ་ལུ་ཡང་ སེམས་ཤུགས་བསྐྱེད་ཚུགས་ནི་མ་ཚད་ རང་ལུགས་ཀྱི་ སྔར་སྲོལ་ཡར་དྲག་གཏང་ནི་ལུ་ཡང་ ལྷན་ཐབས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།

བཀྲིས་གཡང་རྩེ་རྫོང་ཁག་ནང་ སྔར་སྲོལ་ལམ་ལུགས་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ ལས་སྣ་མང་རབས་ཅིག་ བཟོ་མིའི་གྲས་ལས་ གཅིག་ཨིནམ་ད་ ན་ཧིང་ རྫོང་ཁག་ཤེས་རིག་ཡིག་ཚང་གིས་ སློབ་གྲྭ་དག་པ་ཅིག་ནང་ བཞེས་སྒོ་ཚུ་ ལྟོ་རས་དང་ ཕོརཔ་ནང་ བཟའ་དགོ་པའི་ ལམ་ལུགས་ཅིག་ཡང་ འགོ་བཙུགས་ནུག།

རྫོང་རབ་བླམ་རྡོ་རྗེ་གིས་ སླབ་མིའི་ནང་ མ་གཞི་ སློབ་ཕྲུག་ཚུ་གིས་ ལམ་ལུགས་དེ་ གཏན་འཇགས་སྦེ་ ལག་ལེན་འཐབ་རུང་ སློབ་གྲྭའི་ལས་སྣ་དང་ རྫོང་ཁག་རྩེད་རིག་གི་ ལས་རིམ་ནང་ སློབ་ཕྲུག་ཚུ་གིས་ ལྟོ་རས་དང་ ཕོརཔ་ནང་ ཟ་དོ་ཟེར་ཨིན་པས།

སྟོད་ཚོ་རྒཔོ་ བདེ་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ དེ་བཟུམ་མའི་ ལམ་ལུགས་འགོ་བཙུགས་མི་དེ་ཡང་ བཀྲིས་གཡང་རྩེ་དེ་ རང་ལུགས་ནང་ གཙོ་བོར་བཏོན་པའི་ རྫོང་ཁག་ཅིག་འབད་ནི་དེ་གིས་ཨིནམ་ད་ ཟླ་པ་དང་ ཕོརཔ་ནང་ ཟ་བའི་སྐབས་ བཞེས་སྒོ་ཞིམ་ཧིང་ར་ མ་འདྲཝ་ཡོདཔ་མ་ཚད་ སྟབས་བདེ་ཏོག་ཏོ་ འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ལམ་ལུགས་དེ་ལུ་བརྟེན་ ཕོརཔ་དང་ ཐ་ལི་ནང་འདྲེན་མར་ཕབ་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་པའི་ ཁེ་ཕན་ཡོད་པའི་ཁར་ རྫོང་ཁག་གཞན་ཚུ་ལུ་ཡང་ དཔེ་སྟོན་བཟུམ་ཅིག་སྦེ་ འགྱོ་ནི་ཨིན་མས་ཟེར་ཨིན་པས།

རྒཔོ་བདེ་ཆེན་དབང་འདུས་ཀྱིས་འབད་བ་ཅིན་ ལམ་ལུགས་ཡུན་བརྟན་སྦེ་ བཞག་ཐབས་ལུ་ ལམ་སྟོན་ཅིག་ཡང་ བཟོ་དགོཔ་འདུག་ཟེར་ཨིནམ་ད་ འཇམ་མཁར་རྒཔོ་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ མི་སེར་གྱི་ འགོ་ཁྲིདཔ་ཅིག་འབདཝ་ལས་ ལམ་ལུགས་དེ་ མི་སེར་ཚུ་ལུ་ཡང་ དཔེ་སྟོན་འབད་ནི་ལུ་ འོས་འབབ་ཅིག་ འདུག་ཟེར་ཨིན་པས།

བཀྲིས་གཡང་རྩེ་རྫོང་ཁག་དེ་ རྫོང་ཁག་གསརཔ་ཅིག་ཨིན་རུང་ དཔེ་སྟོན་གྱི་ རྫོང་ཁག་སྦེ་ ཆ་བཞག་སྟེ་ཡོདཔ་བཞིན་དུ་ དང་ལེན་ས་ཁོངས་འཆར་གཞི་དང་བསྟུན་ རྫོང་ཁག་ནང་ ནང་འཁོད་ཀྱི་ཅ་ཆས་ཚུ་ ལག་ལེན་འཐབ་ཐོག་ལས་ སྡོད་ཁྱིམ་ཐོག་ཚད་༢ ལས་བརྒལ་ རྐྱབ་མི་ཆོག་ནི་ཨིན་པས།

འཆར་གཞི་༡༢ པའི་ནང་ རྫོང་ཁག་གིས་ སྔར་སྲོལ་ལམ་ལུགས་ གོང་འཕེལ་གཏང་ཐབས་ལུ་ ལས་སྣ་ལེ་ཤ་ཅིག་ར་ བཙུགས་མིའི་གྲས་ལས་ གཅིག་ རྫོང་ཁག་ནང་ ཁ་སྐད་ཚུ་ ཞིབ་འཚོལ་འབད་ཐོག་ལས པར་སྐྲུན་འབད་ནི་དེ་ཨིན་པས།

རྫོང་ཁག་ཚོགས་འདུ་ནང་ རྒེད་འོག་དང་ རྫོང་ཁག་ལས་སྡེའི་ཚུ་གི་ འཆར་དངུལ་བགོ་བཀྲམ་དང་ གནད་དོན་ལེ་ཤ་ཅིག་ནང་ གསུང་གྲོས་གནང་ཡོདཔ་བཞིན་དུ་ འཆར་གཞི་༡༢ པའི་ སྔར་སྲོལ་ལམ་ལུགས་ ཡར་དྲག་གཏང་ནིའི་དོན་ལུ་ འཆར་དངུལ་ དངུལ་ཀྲམ་ས་༠.༡ བཞག་སྟེ་ཡོད་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *