བཀྲིས་གཡང་རྩེ་དོག་གསུམ།

བཀྲིས་གཡང་རྩེ་དོག་གསུམ་ལུ་ ནད་གཞི་ཌེང་གི་ ཁྱབ་སྤེལ་སོང་ཡོད་པའི་ དོགས་པ།

༉ བཀྲིས་གཡང་རྩེ་ དོག་གསུམ་ལུ་ དྲོད་འབར་རྐྱབ་སྟེ་ན་མི་ ནད་གཞི་ཌེང་གི་ ཁྱབ་སྤེལ་སོང་ཡོད་པའི་ དོགས་པ་ལུ་བརྟེན་ བཀྲིས་གཡང་རྩེ་སྨན་ཁང་ནང་ ནདཔ་༦ ཞིབ་དཔྱད་རྐྱབ་པར་ ལྷོད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་༢༦ ལུ་ དྲོད་འབར་རྐྱབ་སྟེ་ མགུ་ཏོ་ན་མི་དང་ རྐང་ལག་གི་ཚིགས་ཚུ་ན་ནི་ དེ་ལས་ མིག་ཏོ་ན་བའི་ སྙན་ཞུ་ལྷོད་པའི་ཤུལ་ལས་ ལྟ་རྟོག་འབད་ནིའི་དོན་ལུ་ གསོ་བའི་འགོ་དཔོན་ཚུ་ དོག་གསུམ་ལུ་ སོང་ཡོདཔ་ཨིན་པས།
དོགས་པ་ཅན་གྱི་ ནད་གཞི་ཌེང་དེ་ བཀྲིས་གཡང་རྩེ་དོག་གསུམ་ལུ་ འགོ་དང་པ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ནད་གཞི་དེ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ལས་ ད་ལྟོ་ ནད་གཞི་ཌེང་གི་ཨིན་ན་མེད་ན་ གཏན་འཁེལ་སླབ་མི་ཤེས་པས་ཟེར་ཨིནམ་ད་ ནད་གཞི་དེ་ བརྟག་དཔྱད་སྣ་ཚོགས་ཀྱི་ཐོག་ལས་ ཞིབ་དཔྱད་འབད་དགོཔ་ལས་ ཏན་ཏན་སྦེ་ སླབ་མི་ཤེས་པས་ཟེར་ཨིན་པས།
འགོ་དཔོན་སོ་སོ་ཅིག་གིས་ སླབ་མིའི་ནང་ བརྟག་དཔྱད་འབད་ནིའི་དོན་ལུ་ རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བ་ལུ་ གཏང་དགོ་ཟེར་ཨིན་པས།
འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གལ་སྲིད་ ནད་གཞི་ཌེང་གི་ཨིན་པ་ཅིན་ ནདཔ་ལུ་ཉེན་ཁ་ཡོདཔ་ལས་ སྨན་བཅོས་དེ་ ཌེང་གི་སྨན་བཅོས་ར་ འབད་དགོ་ཟེར་ཨིནམ་ད་ ནད་གཞི་དེ་དང་གཞན་༢ ག་ཨིན་ན་ སླབ་མི་ཤེས་པས་ཟེར་ ཨིན་པས།
ནད་གཞི་དེ་ ག་ཏེ་ལས་བྱུང་ཡི་ག་ ཞིབ་དཔྱད་འབད་དོ་ཟེར འགོ་དཔོན་ཚུ་གིས་ བཤད་པའི་ཁར་ ས་གནས་དེ་ཁར་སོང་སྟེ་ ཉིནམ་༣ གྱི་ཧེ་མར་ བཀག་ཐབས་ཀྱི་ལཱ་ཚུ་འབད་ཡི་ཟེར་ ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གལ་སྲིད་ ཌེང་གི་ནད་གཞི་དེ་ཨིན་པ་ཅིན་ མཐའ་འཁོར་ཧིང་སངས་ས་བཞག་ནི་དང་ གཟན་དོམ་ཚུ་སྤེལ་ནི་ཨིན་མི་ ཧོད་ཚུ་ཡང་ ཁབ་ཏོ་སྤུབས་བཞག་པ་ཅིན་ ནད་གཞི་བཀག་ཚུགས་ཟེར་ཨིནམ་ད་ གཟན་དོམ་གྱིས་ སོ་བཏབ་ནི་ལས་ བསྲུང་ནི་དང་ ཕྱི་རུ་ཉལཝ་ད་ སེང་རས་ནང་ཉལ་ནི་དང་ དྲོ་པ་དང་ཕྱི་རུ་ ཁེན་འཇར་དང་ དོརམ་རྐངམ་རིངམོ་ བཙུགས་དགོ་པའི་སྐོར་ལས་ བརྡ་དོན་སྤྲོད་དེ་ཡོད་ཟེར་ ཨིན་པས།
ཌེང་གི་ཟེར་མི་ ཚ་བ་དྲོད་འབར་གྱི་ནད་གཞི་དེ་ དུག་ཅན་ཨིནམ་བཞིན་དུ་ ནད་གཞི་ཁྱབ་སྤེལ་དེ་ གཟན་དོམ་གྱིས་ ཌེང་གི་ནད་གཞི་ཡོད་མི་དེ་ སོ་བཏབ་སྟེ་གཞན་མི་ལུ་ སོ་བཏབ་ད་ འབུ་དོ་ཡོདཔ་བཞིན་དུ་ ནད་གཞི་ཡོད་མི་ལས་བརྒྱུད་དེ་ འབུ་ནི་མེདཔ་ཨིན་པས།
ནད་གཞི་ཡོད་པའི་ ནད་རྟགས་དེ་ཡང་ གཟན་དོམ་གྱིས་ སོ་བཏབ་ཞིནམ་ལས་ ཉིནམ་༣ ལས་༡༤ གི་བར་ན་ བཏོན་དོ་ཡོདཔ་ད་ དེ་ཡང་ མགུ་ཏོ་ན་ནི་དང་ དྲོད་འབར་རྐྱབ་ནི་ མིག་ཏོ་ན་ནི་ རྐང་ལག་གི་ཚིགས་ཚུ་ནི་ དེ་ལས་ པོ་རོ་ལ་སོགས་པ་ཚུ་ འཐོན་འོང་ཟེར་ འགོ་དཔོན་ཚུ་གིས་བཤད་པའི་ཁར་ དེ་བཟུམ་མའི་ ནད་རྟགས་འཐོན་པ་ཅིན་ ཉེ་འདེབས་ཀྱི་སྨན་ཁང་ཚུ་ནང་ སྙན་ཞུ་འབད་དགོ་ཟེར་ཨིན་པས།
ནད་གཞི་དེ་ ཆརཔ་མ་ཆད་པར་རྐྱབ་པའི་ཤུལ་ལས་ ཆུ་འཁྱིལ་སྡོད་མི་ཚུ་ནང་ གཟན་དོམ་གྱིས་ ཕྱུག་གུ་འཚའ་ཏེ་ དར་ཁྱབ་འགྱོ་དོ་ཡོདཔ་ད་ དེ་ཡང་ ཧོད་ཚུ་ནང་ཡོད་པའི་ཆུ་ཚུ་ མ་སོར་བ་བཞག་པ་ཅིན་ ཁྱབ་སྤེལ་འགྱོཝ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ ཁྱིམ་གྱི་མཐའ་འཁོར་ལུ་ཡོད་པའི་ ཧོད་དང་ སྣུམ་འཁོར་གྱི་འཁོར་ལོ་ནང་ བསགས་སྡོད་མི་ཆུ་ཚུ་ བཏོན་བཀོག་ནི་དང་ རང་སོའི་ཁྱིམ་ནང་བཀང་བཞག་མི་ཆུ་ཚུ་ཡང་ འབད་ཚུགས་པ་ཅིན་ ཉིནམ་༣ དང་༤ གི་བར་ན་ སོར་དགོ་པའི་ བསླབ་བྱ་ཚུ་བྱིན་ཡོདཔ་ཨིན་པས།
ནད་གཞི་དེ་ ངེས་བརྟན་བརྟག་དཔྱད་འབད་ནིའི་དོན་ལུ་ གསོ་བའི་མཁས་མཆོག་ཚུ་ཡང་ འབོ་ཡོདཔ་ཨིན་རུང་ ད་ལྟོ་ འཁོར་ལམ་ལེགས་ཤོམ་མེད་མི་ལུ་བརྟེན་ ས་གནས་ནང་ ལྷོད་མ་ཚུགས་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *