བཀྲིས་སྒང་ཁྲོམ།

བཀྲིས་གཡང་རྩེ་དང་ བཀྲིས་སྒང་ལུ་ འགྲོ་འགྲུལ་བཀག་དམ་ ཡངས་ཆག་འབད་ཡོདཔ།

༉ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ཐེངས་༢ པ་ ཡངས་ཆག་གཏང་ནིའི་ གསལ་བསྒྲགས་འབད་མི་དང་བསྟུན་ བཀྲིས་སྒང་རྫོང་ཁག་གིས་ ད་རིས་དྲོ་པའི་ཆུ་ཚོད་༦ ལས་ འགྲོ་འགྲུལ་ཡངས་ཆག་གཏང་ནི་ འགོ་བཙུགས་ཅི།

དེ་ཡང་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རྒྱལ་ཡོངས་ལུ་ གསལ་བསྒྲགས་གནང་མི་དང་འཁྲིལ་ ད་རིས་ལས་འགོ་བཙུགས་ སྤྱི་ཟླ་༡ པའི་ཚེས་༡༢ ཚུན་ཨིན་པས།

ཁ་ཙ་ཚུན་ བཀྲིས་སྒང་དང་ བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ རང་སོའི་ས་ཁོངས་ནང་ འགྲུལ་སྐྱོད་ཤོག་བྱང་འབག་སྟེ་ འགྱོ་ཆོགཔ་བཟོ་ཡོདཔ་ད་ བདུན་ཕྲག་༡ རང་སོའི་རྫོང་ཁག་ནང་ རྐང་སྟོང་སྦེ་ ཕར་ཚུར་འགྱོ་ཆོག་ནི་ཨིན་པས།

རྒྱལ་ཡོངས་ཀོ་བིཌ་༡༩ འི་སྒྲིག་གཞི་དང་འཁྲིལ་ སྣུམ་འཁོར་ཚུ་ གཏང་མི་ཆོག་ནི་ཨིནམ་ད་ བཟའ་འཐུང་དང་ ཁག་ཆེ་བའི་ཅ་ཆས་ དེ་ལས་ གློ་བུར་དུ་ འགྱོ་དགོཔ་ཐོན་མི་ མི་ཚུ་རྐྱངམ་གཅིག་ འགྲོ་འགྲུལ་འབད་ཆོགཔ་ཨིན་པས།

བཀྲིས་སྒང་ཁྲོམ་དང་ རང་སོའི་རྒེད་འོག་ནང་ བཟའ་འཐུང་གི་ཚོང་ཁང་དང་ གྱོན་ཆས་ཚོང་ཁང་ ལྕགས་ཆས་ཚོང་ཁང་ དེ་ལས་ སྣུམ་འཁོར་བཅོ་ཁང་ཚུ་ དྲོ་པའི་ཚུ་ཚོད་༨ ལས་ ཕྱི་རུའི་ཆུ་ཚོད་༦ ཚུན་ སྒོ་ཕྱེ་ཆོག་ནི་ཨིནམ་ད་ ཟ་ཁང་ཚུ་འབད་བ་ཅིན་ བརྒྱ་ཆ་༥༠ རྐྱངམ་གཅིག་ ཕྱེ་ཆོག་ནི་ཨིན་པས།

རྫོང་ཁག་ལས་བྱེད་ཚོགས་ཆུང་དང་འཁྲིལ་བ་ཅིན་ མི་ངོམ་༦ ལས་བརྒལ་ འཛོམས་མི་ཆོག་ནི་དང་ མེ་སྦྱང་འབད་རུང་ མི་༢༠ ལས་བརྒལ་ སྤུངས་འཛོམས་འབད་མི་ཆོག་ནི་ཨིན་པས།

བཀྲིས་སྒང་གི་རྫོང་བདག་ ཆོས་སྐྱིད་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྒྲིག་གཞི་ཚུ་ག་ར་ ལུང་ཕྱོགས་ཀྱི་ ཀོ་བིཌ་ལས་བྱེད་ཚོགས་ཆུང་དང་ རྫོང་ཁག་ལས་བྱེད་ལས་ཚོགས་ཆུང་དང་གཅིག་ཁར་ གྲོས་བསྟུན་འབད་དེ་བཟོ་ཡི་ཟེར་ཨིན་པས།

གཡུས་སྒོ་ཚུ་ནང་ རིམ་གྲོ་དང་ ལོ་ཆོག་གཏང་དགོ་པ་ཅིན་ རྫོང་ཁག་ལས་བྱེད་ཚོགས་ཆུང་ལས་ གནང་བ་ལེན་དགོ་ཟེར་ རྫོང་བདག་གིས་ བཤད་པའི་ཁར་ དེ་ཡང་ ཆོསཔ་ག་ར་ རྒེད་འོག་ནང་འཁོད་ལས་ ཨིན་པ་ཅིན་རྐྱངམ་གཅིག་ གནང་བ་བྱིན་འོང་ཟེར་ཨིན་པས།

རྫོང་ཁག་ནང་ བཟོ་སྐྲུན་གྱི་ལཱ་ཚུ་འབད་ཆོག་ནི་ཨིནམ་ད་ དེ་ཡང་ བཟོ་སྐྲུན་གྱི་ ཅ་ཆས་ཚུ་ གཞན་ཁ་ལས་ ལེན་མ་དགོ་མི་ཚུ་རྐྱངམ་གཅིག་ འབད་བཅུག་ནི་ཨིན་པས།

འགྲོ་འགྲུལ་བཀག་དམ་ ཡངས་ཆག་འབདཝ་ད་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་མི་ཆོག་ནི་ཨིན་རུང་ གློག་བུར་གྱི་ སྣུམ་འཁོར་དང་ ཁག་ཆེ་མི་ཚུ་རྐྱངམ་གཅིག་ གཏང་ནི་ཨིན་པས།

རྫོང་ཁག་ནང་ ཐོགས་ལུས་མི་འགྲུལ་པ་ཚུ་ ནད་གཞི་བརྟག་དཔྱད་འབད་ཞིནམ་ལས་ ནད་མེདཔ་སྦེ་འཐོན་པ་ཅིན་ འགྲོ་འགྲུལ་འབད་བཅུག་འོང་ཟེར་ ལས་བྱེད་ཚོགས་ཆུང་གི་ འཐུས་མི་ཅིག་གིས་ བཤད་པའི་ཁར་ བརྟག་དཔྱད་ཁང་ཚུ་ གཞི་བཙུགས་འབད་དེ་ཡོད་ཟེར་ཨིནམ་ད་ ཕར་ཚུར་འགྱོ་ནི་ཨིན་པ་ཅིན་ སྤྱོད་ཁྲལ་དགོངས་ཡངས་ཨང་༡༡༩༨ ནང་ འབྲེལ་བ་འཐབ་དགོ་ཟེར་ཨིན་པས།

བཀྲིས་གཡང་རྩེ།

བཀྲིས་གཡང་རྩེ་རྫོང་ཁག་ནང་འབད་བ་ཅིན་ གནམ་ལངམ་ཅིག་ འགྲོ་འགྲུལ་བཀག་དམ་ ཡངས་ཆག་གཏང་ནི་ འགོ་བཙུགས་ནི་ཨིན་པས།

རྫོང་བདག་ཐུགས་རྗེ་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྲོ་སྟོན་གྱི་རིགས་ ཀ་རོའོ་ཀི་དང་ ཨིསི་ནུ་ཀར་ དེ་ལས་ རྩེད་རིགས་ཚུ་མ་གཏོགས་ ཚོང་ཁང་དང་ ཟ་ཁང་ཚུ་ སྒོ་ཕྱེ་བཅུག་འོང་ཟེར་ཨིན་པས།

ཚོང་འབྲེལ་ཚུ་ དྲོ་པ་ལས་འགོ་བཙུགས་ ཕྱི་རུའི་ཆུ་ཚོད་༩ ཚུན་ སྒོ་ཕྱེ་བཅུག་ནི་ཨིན་རུང་ ཟ་ཁང་ཚུ་འབད་བ་ཅིན་ བརྒྱ་ཆ་༥༠ རྐྱངམ་གཅིག་ སྒོ་ཕྱེ་བཅུག་འོང་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཁྲིམས་སྲུང་དང་ བདེ་སྲུངཔ་ དེ་ལས་ རྫོང་ཁག་ལས་བྱེད་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ ལྟ་རྟོག་འབད་འོང་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ སྒྲིག་གཞི་དང་མ་འཁྲིལ་བ་ཅིན་ ཚོང་འབྲེལ་སྒོ་བསྡམ་བཅུག་འོང་ཟེར་ཨིན་པས།

རྫོང་ཁག་ནང་ དངུལ་ཁང་ཚུ་ ལས་བྱེདཔ་བརྒྱ་ཆ་༥༠ སྦེ་ སྒོ་ཕྱེ་བཅུག་ནི་ཨིནམ་ད་ སློབ་གྲྭ་དང་ རྫོང་ཁག་ དེ་ལས་ ལུང་ཕྱོགས་ཡིག་ཚང་ཚུ་ སྒོ་བསྡམ་ནི་ཨིན་པས།

དུས་ཡུན་ཆུ་ཚོད་༢༤ འི་རིང་ སྨན་ཁང་གིས་ གློ་བུར་ཞབས་ཏོག་ཚུ་ བྱིན་ནི་ཨིནམ་ད་ ནད་རྟགས་རེ་འཐོན་པ་ཅིན་ ནད་གཞི་བརྟག་དཔྱད་ཁང་ནང་ འོང་གནང་ཟེར་ ལས་བྱེད་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ བཤདཔ་ཨིན་པས།

རྫོང་ཁག་གཉིས་ཆ་ར་གིས་ སྒྲིག་གཞི་དང་ལམ་ལུགས་ གཅིག་མཚུངས་གནས་ཐབས་ལུ་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ཡང་ བརྡ་དོན་སྤྲོད་ཡོདཔ་ཨིན་པས།

ཐིམ་ཕུག་དང་ སྤ་རོ་ལས་འོང་མི་ཚུ་ བདུན་ཕྲག་༡ རང་སོའི་ཁྱིམ་ནང་ ཟུར་བཞག་ནི་ཨིནམ་ད་ གལ་སྲིད་ ཀོ་བིཌ་-༡༩ འི་སྒྲིག་གཞི་ལས་འགལ་བ་ཅིན་ འབྲུག་གི་ཉེས་འགེལ་ཁྲིམས་དང་འཁྲིལ་ ངོས་ལེན་འབད་འོང་ཟེར་ རྫོང་ཁག་གཉིས་ཀྱིས་ གསལ་བསྒྲགས་འབད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *