བཀྲིས་གཡང་རྩེ་གིས་ བཙག་འཐུའི་དོན་ལུ་གྲ་སྒྲིག་འབད་ཡོདཔ།

ངོས་ལེན་འགོ་དཔོན་དང་ འདེམས་ཁྲི་འགོ་དཔོན་༢༢༣ གྱིས་ ཁ་ཙ་ལས་ བཀྲིས་གཡང་རྩེ་རྫོང་ཁག་གི་ རྒེད་འོག་༨ ཀྱི་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཚུ་ནང་ ནངས་པར་ཚོགས་རྒྱན་བཙུགས་ནིའི་དོན་ལུ་ གྲ་སྒྲིག་འབད་བར་ ལྷོད་ཡོདཔ་ཨིན་པས།

གཡང་གླང་རྒེད་འོག་གི་ དུག་ཏི་དང་ སྟོད་ཚོ་རྒེད་འོག་གི་ ཕྱང་ཕུག་རྩེ་ནང་ འགྱོ་མི་ཚུ་ ཁ་ཙ་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ཁར་ སོང་ཡོདཔ་ད་ ཁོང་གིས་ འཁོར་ལམ་ཡོད་ས་ལས་ དུས་ཡུན་ཆུ་ཚོད་༥ དེ་ཅིག་རིང་ ལམ་འགྱོ་དགོ་ནི་ཨིན་པའི་ཁར་ སྡེ་ཚན་ཚུ་གིས་ ཚོགས་རྒྱན་གྱི་འཕྲུལ་ཆས་དང་ གཞན་དོ་འབག་ནིའི་དོན་ལུ་ རྟ་ཚུ་སླབ་ཡོདཔ་ཨིན་པས།

ཚོགས་རྒྱན་གྱི་ཉིནམ་ལུ་ ཁྲིམས་སྲུང་འགག་པ་༧༨ ཀྱིས་ ཚོགས་རྒྱན་ས་ཁོངས་༢༦ དང་ བསྟན་སྲུང་དམག་མི་༣༦ གིས་ ཚོགས་རྒྱན་ས་ཁོངས་༡༢ ནང་ ཉེན་སྲུང་གི་ སྒྲིག་གཡོག་རྒྱུག་ནི་ཨིན་པས།

སྒྲིག་གཡོག་རྒྱུག་མི་ བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བསྟན་སྲུང་དམག་མི་ཚུ་ ས་མཚམས་ཀྱི་ཉེ་འདབས་ལས་ཕར་ཡོད་མི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ གཏང་ནི་ཨིན་ཟེར་ཨིན་པས།

སྡེ་ཚན་ཚུ་ རང་སོའི་ས་ཁོངས་ཚུ་ནང་ མ་འགྱོ་བའི་ཧེ་མར་ བཙག་འཐུ་འགོ་དཔོན་ཚུ་གིས་ ཚོགས་རྒྱན་གྱི་ཉིནམ་ལུ་དགོ་པའི་ ཅ་ཆས་ཚུ་ཚངམ་སྦེ་ འབག་དགོ་པའི་སྐོར་ལས་ དྲན་གསོ་འབད་ཡོདཔ་ཨིན་པས།

བཀྲིས་གཡང་རྩེ་ལུ་ཡང་ བཙག་འཐུའི་སྒྲིག་གཡོག་ནང་འགྱོ་མི་ མང་ཤོས་ཅིག་ སློབ་དཔོན་ཚུ་ཡོདཔ་ཨིན་རུང་ སློབ་གྲྭ་ནང་ སློབ་དཔོན་གཞན་ཚུ་ཡོདཔ་ལས་ སློབ་སྟོན་ཚུ་འབད་དོ་ཡོདཔ་ཨིན་པས།

རྫོང་ཁག་བཙག་འཐུ་ཡིག་ཚང་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་ལུ་ དང་འདོད་ཡོད་མི་༡༥༢༥ ལུ་ འགྲེམ་ཐོག་གི་མཐུན་རྐྱེན་ཚུ་ བཏང་ཡོད་རུང་ ད་ལྟོ་ ག་དེམ་ཅིག་གིས་ ལོག་བཏང་ཡོདཔ་ཨིན་ན་ གྱངས་ཁ་རྐྱབ་པའི་བསྒང་ཡོད་ཟེར་ཨིན་པས།

ད་ཚུན་ འགྲེམ་ཐོག་ཚོགས་རྒྱན་ལྷོད་མི་ལས་ གཅིག་གིས་ མོང་སྒང་རྫོང་ཁག་ནང་ གཏང་ནི་ཨིན་མི་དེ་ བཀྲིས་གཡང་རྩེ་ལུ་བཏང་ཡོདཔ་ལས་ ཆ་མེད་བཏང་ཡོདཔ་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁ་བྱང་འཛོལ་མི་དེ་ ཡང་ཅིན་ བཀྲིས་གཡང་རྩེ་དང་ མོང་སྒར་ལས་ཨིན་མི་ བཟའ་ཚང་ཅིག་གིས་ འགྲེམ་ཐོག་བཏང་པའི་སྐབས་ འཛོལ་སོཔ་འོང་ནི་ཨིན་རུང་ འགྲེམ་ཐོག་ཚོགས་རྒྱན་དེ་ ལོག་སྟེ་མི་གཏང་ནི་ཨིན་པས།

བྱ་སྟབས་བདེ་བའི་འགྲེམ་ཐོག་ཚོགས་རྒྱན་ བཙུགས་འདོད་ཡོད་མི་༡༤༤༣ གྱིས་ ཐོ་བཀོད་འབད་ཡོད་རུང་༡༡༡༡ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ བཀྲིས་གཡང་རྩེ་ལུ་འབད་བ་ཅིན་ གཡང་རྩེ་འབྲིང་རིམ་སློབ་གྲྭ་བར་མ་དང་ བཙན་མཁར་ལ་སློབ་གྲྭ་ལྟེ་བའི་ནང་ བཙུགས་ཡོདཔ་ཨིན་པས།

གཡང་རྩེ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ ཐོག་བཀོད་འབད་མི་༩༨༩ ཡོད་ས་ལས་༧༧༢ ཀྱིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ བཙན་མཁར་ལ་སློབ་གྲྭ་ལྟེ་བའི་ནང་༤༥༤ གིས་ ཐོ་བཀོད་འབད་མི་ལས་༣༣༩ གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

བཀྲིས་གཡང་རྩེ་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༡༨,༣༥༥ ཡོད་ས་ལས་ ཨམ་སྲུ་༩༤༧༦ དང་ ཕོ་སྐྱེས་༨༨༧༩ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ བཀྲིས་བསྟན་འཛིན།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *