གསེར་བཀང་རོང་ཆུ།

བཀྲིས་གཡང་རྩེ་ཁྲོམ་ཁར་སྡོད་མི་ཚུ་ གསེར་བཀང་རོང་ཆུ་བྲེས་པའི་ ཚ་གྱང་ལང་དོ་ཡོདཔ།

༉ འདས་པའི་བདུན་ཕྲག་༡ གི་རིང་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ མཆོད་རྟེན་སྐོར་རའི་ཁྲོམ་ཁར་སྡོད་མི་ བཀྲིས་དབང་མོ་དེ་ ཚ་གྱང་སྦོམ་སྦེ་ར་ ལང་དགོཔ་བྱུང་ནུག།
དེ་ཡང་ ཁྲོམ་གྱི་ཉེ་འདབས་ལུ་ རོང་ཆུའི་མཐའ་མར་སྡོད་མི་ སྐྱེས་ལོ་༥༠ འབད་མི་ བཀྲིས་དབང་མོ་དེ་ ནུམ་མོ་ཞག་ཡང་ ལེགས་ཤོམ་སྦེ་ ཉལ་མི་ཚུགས་དོ་ཡོདཔ་ད་ དེ་ཡང་ འཕྲལ་ཁམས་ཅིག་ཁར་ འབུམ་སྡེ་གླིང་ལུ་ ཆུ་རུད་ཐོན་ནི་དེ་གིས་ཨིན་པས།
ན་ཧིང་ དུས་ཚོད་འ་ནེམ་ཅིག་ཁར་ རོང་ཆུ་དེ་ བྲེས་མི་ལུ་བརྟེན་ ཁྲོམ་ཁར་སྡོད་མི་ཚུ་ག་ར་ ས་ཁ་མཐོ་ས་ལས་ཕར་ གནས་སྤོ་སྟེ་ སྡོད་དགོཔ་ཐོན་ནུག།
ལོ་བསྟར་བཞིན་དུ་ དེ་བཟུམ་མའི་ དཀའ་ངལ་ཐོནམ་མས་ཟེར་ མོ་གིས་བཤད་པའི་ཁར་ ན་ཧིང་ རོང་ཆུ་བྲེས་པའི་ཤུལ་ལས་ འཁོར་ལམ་གྱི་ཉེ་འདབས་ལས་ཕར་ རྡོ་སྦོམ་ཚུ་ འོང་ཡོདཔ་ལས་ ཕྱི་རུ་ཨ་རྟག་ར་ ཚ་གྱང་ཐོག་ལུ་ ཞག་ཉལ་དགོ་པས་ཟེར་ཨིན་པས།
ཁྲོམ་དེ་ནང་སྡོད་མི་ ཚོང་པ་གཞན་མི་ཅིག་གིས་ བཤད་མིའི་ནང་ ཁོ་གིས་ དུས་རྒྱུན་དུ་ འགྲུལ་འཕྲིན་དང་ འཕྲུལ་ལྟོ་ཚུ་ གྲ་སྒྲིག་འབད་དེ་ བཞག་དོ་ཟེར་ཨིནམ་ད་ བཀབ་གོ་ལ་ཚུ་ཡང་ གློ་བུར་དུ་ འཐོན་འགྱོ་དགོ་པ་ཅིན་ འབག་འགྱོ་ནིའི་དོན་ལུ་ བེག་ཅིག་ནང་བཙུགས་ཏེ་ སྒོ་གི་སྦོ་ལོགས་ཁར་ བཞག་དོ་ཟེར་ཨིན་པས།
ཁྲོམ་ཁར་སྡོད་མི་ག་ར་གིས་ གསེར་བཀང་རོང་ཆུ་བྲེས་པའི་སྐོར་ལས་ ཤེས་དོ་ཡོད་རུང་ ག་གིས་ཡང་ རོང་ཆུའི་སྐོར་ལས་ ལོ་རྒྱུས་ཚུ་ མི་ཤེས་དོ་ཡོདཔ་ཨིན་རུང་ ཁྲོམ་གྱི་སྤྱི་མི་བགྲེསཔ་ ཉི་མ་དབང་ཕྱུག་གིས་ ངག་རྒྱུན་ཚུ་ བཤད་ནི་འདུག།
སྐྱེས་ལོ་༨༠ ལང་མི་ ཉི་མ་དབང་ཕྱུག་གིས་ བཤད་དོ་བཟུམ་འབད་བ་ཅིན་ རོང་ཆུ་དེ་གིས་ དམིགས་བསལ་དུ་ དུས་བཟང་སྐབས་ དཔེ་འབད་བ་ཅིན་ ཚེས་༡༥ དང་ གནམ་གང་གི་སྐབས་ལུ་ བྲེས་ནི་ཡོད་ཟེར་ ཨིནམ་ད་ ལོ་རྒྱུས་དང་འཁྲིལཝ་ད་ རོང་ཆུའི་རྐ་དེ་ རོང་ཆུའི་ལྟག་ལུ་ཡོད་མི་ སྟོང་བྲག་རག་ཟེར་མི་ནང་ཡོདཔ་སྦེ་ བཤད་པའི་ཁར་ དེ་ནང་ དགེ་སློང་སྟོང་ལས་བཅད་དེ་ སྒོམ་རྐྱབ་མི་ལུ་བརྟེན་ དུས་བཟང་གི་སྐབས་ བྱག་དེ་གི་ཆུ་ཚད་དེ་ ཡར་སེང་འགྱོཝ་ཨིན་ཟེར་ཨིན་པས།
ཉི་མ་དབང་ཕྱུག་གིས་བཤད་མིའི་ནང་ རོང་ཆུ་ཐོན་སའི་ བྱག་དེ་ལས་ ཆུ་རྐ་༡༠༨ ཡོདཔ་ལས་ དུས་བཟང་གི་སྐབས་ལུ་ ཆུ་བབས་མི་དེ་གིས་ དར་བཟུམ་སྦེ་མཐོངམ་ཨིན་ཟེར་ཨིནམ་ད་ ལོ་ངོ་༡༠༠ དེ་ཅིག་གི་ཧེ་མར་ རོང་ཆུ་གིས་ ཁྲོམ་འཕྱགས་འབག་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ཨིན་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ ཁོ་ར་ རྡོ་བཟོ་བོ་སྦེ་ སྡོད་པའི་སྐབས་ལུ་ཕྱད་མི་ སྐྱེས་ལོ་༩༠ ལང་མི་ དགེ་སློང་ཅིག་གིས་ ཁོ་ལུ་བཤད་དོ་བཟུམ་འབད་བ་ཅིན་ གསེར་བཀང་རོང་ཆུ་དེ་ ད་ལྟོ་ཡོད་མི་ རྫོང་གི་རྒྱབ་ལས་ཨིནམ་སྦེ་ བཤད་ནི་འདུག་ཟེར་ཨིནམ་ད་ ཆུ་རུད་ཐོན་པའི་ཤུལ་ལས་ ཆུ་རྐ་སོར་ཏེ་ ད་ལྟོ་ཡོད་མི་ ཁྲོམ་གྱི་སྦུག་ལས་ ཐོན་ནུག་ཟེར་ཨིན་པས།
ས་ཁོངས་ནང་སྡོད་མི་ བླམ་ལ་ལོ་གིས་ ལོ་ངོ་༡༠༠ གི་ཤུལ་ལས་ ད་རུང་ ཆུ་རུད་འཐོན་ནི་ཨིན་པའི་ལོ་རྒྱུས་ཚུ་བཤད་མི་ལུ་བརྟེན་ ཁྲོམ་ཁར་སྡོད་མི་ཚུ་ ཧེང་སྐལ་ར་ ཚ་གྱང་ལང་སྟེ་ཡོདཔ་ཨིན་རུང་ ཉི་མ་དབང་ཕྱུག་གིས་འབད་བ་ཅིན་ གཡང་རྩེའི་ས་གནས་དེ་ བྱིན་གྱིས་བརླབས་པའི་ ས་གནས་ཅིག་འབདཝ་ལས་ མི་ཚུ་གིས་ ག་བཟུམ་སླབ་རུང་ ཆུ་རུད་མི་འཐོན་ཟེར་ཨིན་པས།
ས་ཁོངས་ནང་སྡོད་མི་ ལ་ལོ་གིས་བཤད་མིའི་ནང་ རོང་ཆུ་དེ་ ཉིམ་ཤར་ཏེ་ཡོད་རུང་ འཕྲལ་འཕྲལ་སྐབས་ར་ བྲེས་ནི་ཡོདཔ་ལས་ ག་ཅི་ཡང་ སླབ་མ་ཚུགས་པའི་ རོང་ཆུ་ཅིག་ ཨིན་མས་ཟེར་ཨིན་པས།
ད་རུང་ རྐྱེན་ངན་མ་འབྱུང་བའི་ཧེ་མ་ལས་ སྔོན་འགོག་འབད་ནིའི་དོན་ལུ་ ཁྲོམ་ཁར་སྡོད་མི་ཚུ་གིས་ ཁྲོམ་སྡེ་ངོ་ཚབ་ལུ་ ཉེན་སྲུང་གི་ཐབས་ལམ་ཚུ་ བཏོན་དགོ་པའི་སྐོར་ལས་ སླབ་སྟེ་ཡོདཔ་ད་ ཁྲོམ་སྡེ་ངོ་ཚབ་ ཨོ་རྒྱན་ལྷ་མོ་གིས་ བཤད་མིའི་ནང་ རོང་ཆུ་བྲེས་ནིའི་ཚ་གྱང་དེ་ སྦོམ་སྦེ་ར་ ཡོད་ཟེར་ཨིན་པས།
མོ་གིས་བཤད་མིའི་ནང་ ཚ་གྱང་དེ་ ཧེ་མ་ལས་ཡོད་རུང་ ད་ཚུན ག་གིས་ཡང་ དབང་འཛིན་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་མེདཔ་ལས་ རྫོང་ཁག་ཚོགས་འདུ་ནང་ བཙུགས་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཁྲོམ་ཁར་སྡོད་མི་ཚུ་གིས་ རོང་ཆུ་བྲེས་པའི་སྐབས་ བརྡ་སྐད་རྐྱབ་མི་འཕྲུལ་ཆས་དང་ ཆུ་བྱག་ཚུ་ རྐྱབ་དགོ་པའི་སྐོར་ལས་ སླབ་སྟེ་ཡོད་ཟེར་ིབའི་གནས་ཚུལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *