བཀྲིས་གཡང་རྩེ་ཁྲོམ་གྱི་ མཐོང་སྣང་།

བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོམ་གི་ཐོན་སྐྱེད་ མང་དྲགས་ནི་དེ་གིས་ བཙོང་མ་ཚུགས་པའི་དཀའ་ངལ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཧེ་མ་འབད་བ་ཅིན ཨོམ་འཐོབ་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ ཨོམ་བཙོང་མ་ཚུགས་པའི་ དཀའ་ངལ་ཐོན་མི་དེ་ ཕྱི་འགྱུར་གྱི་གནས་སྟངས་ཅིག་ནང་ ལྷོད་དེ་ཡོདཔ་ཨིན་པས།

དེ་ཡང་ ཁྲོམ་དེ་ནང་ མི་རློབས་ཡང་ གངམ་མེད་པའི་ཁར་ ཨོམ་ལི་ཊར་༧༠ དེ་ཅིག་གིས་ ལང་ཚུགས་ནི་ཨིན་རུང་ དུས་ཅི་ སྤྱི་༤ པ་ལས་ ཨོམ་བཙོང་མི་ཚུ་གི་ ཐོན་སྐྱེད་ཡར་སེང་སོང་ཡོདཔ་ལས་ བཙོང་མ་ཚུགས་པའི་དཀའ་འཐོན་ནི་ འགོ་བཙུགས་ཏེ་ཡོདཔ་ཨིན་པས།

སྤྱི་ཟླ་༤ པ་ལས་ ཨོམ་ཚོང་འབྲེལ་འཐབ་མི་ འཐུས་མི་ཚུ་གིས་ ཉིནམ་རེ་ལུ་ ཨོམ་ལི་ཊར་༢༠༠ དང་༢༡༠ དེ་རེ་ འབག་འོང་དོ་ཡོདཔ་ལས་ ཉོ་མི་མེད་པའི་དཀའ་ངལ་སྦོམ་བྱུང་སྟེ་ཡོདཔ་ལས་ བཙོང་མི་ཚུ་ རྒུད་ཕོག་སྟེ་འདུག།

སོ་ནམ་མཉམ་རུབ་ཚོགས་པའི་ ཨོམ་བཙོང་མི་ རྡོ་རྗེ་སྒྲོལ་མ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལི་ཊར་༥༠ དང་༧༠ གི་བར་ན་ཨིན་པ་ཅིན་ ཁྲོམ་ཁ་ལས་ཕར་ བཙོང་ཚུགས་དོ་ཡོད་རུང་ ད་རེས་ནངས་པར་ ཉོ་མི་མེད་པའི་དཀའ་ངལ་ སྦོམ་ཐོན་ཏེ་ཡོད་ཟེར་ཨིན་པས།

མོ་གིས་ ཨོམ་བཙོང་མི་ཚུ་ལས་ ཨོམ་ལི་ཊར་རེ་ལུ་ དངུལ་ཀྲམ་༤༥ རེ་སྦེ་ཉོ་སྟེ་ ལོག་བཙོངམ་ད་ དངུལ་ཀྲམ་༥༠ རེ་སྦེ་ བཙོང་དོ་ཡོད་རུང་ ད་རེས་ནངས་པར་ ཨོམ་སྦེ་བཙོང་མ་ཚུགས་ནི་དེ་གིས་ མར་དང་ དར་ཚིལ་སྦེ་བཟོ་སྟེ་ བཙོང་དོ་ཡོད་རུང་ དེ་གིས་ཡང་ རྒུད་འདུག་ཟེར་ཨིན་པས།

མོ་གིས་སླབ་དོ་བཟུམ་འབད་བ་ཅིན་ ཨོམ་ལི་ཊར་༡༧ གྱིས་ མར་ཀེ་ཇི་ཕྱེད་ཀ་ཅིག་ཡང་ འཐོན་མི་ཚུགས་དོ་ཡོདཔ་ལས་ ཀེ་ཇི་ཕྱེད་ཀ་ལུ་ དངུལ་ཀྲམ་༡༥༠ སྦེ་ བཙོང་པའི་སྐབས་ ཨོམ་ཉོ་བའི་རིན་ཡང་ ལོག་འཐོན་མི་ཚུགས་པས་ཟེར་ཨིན་པས།

དར་ཚིལ་འབད་བ་ཅིན་ སྒོར་ཆུང་ཀུ་རེ་ལུ་ དངུལ་ཀྲམ་༡༥ རེ་སྦེ་ བཙོང་དོ་ཡོདཔ་ད་ དེ་ལས་ སྦོམ་མི་ཚུ་ལུ་ དངུལ་ཀྲམ་༢༠ དེ་ལས་༤༠ སྦེ་ བཙོང་ནིའི་ཚད་ཚུ་ བཟོ་སྟེ་འདུག།

ཨིན་རུང་ ཉོ་མི་མེདཔ་ལས་ བཙོང་ཁང་དེ་ནང་ མར་ཚུ་ཁྱེགས་སྒྲོམ་ནང་ བཙུགས་བཞག་སར་མཐོང་པའི་ཁར་ དར་ཚིལ་འབད་བ་ཅིན་ མི་རུལ་ནིའི་དོན་ལུ་ རླུང་བསིལ་གྱི་འོག་ལུ་བཞག་སྟེ་ སྐམ་བཅུག་སྟེ་འདུག།

ཨོམ་མང་དྲགས་པའི་དཀའ་ངལ་ཐོན་མི་དེ་ འཐུས་མི་ཚུ་གིས་ ལོ་ངོ་དག་པ་ཅིག་གི་ཧེ་མར་ ནོར་རིགས་ ཨེཆ་ ཨེཕ་ཟེར་མི་དེ་ ཉོ་བའི་ཤུལ་ལས་ ཨོམ་གྱི་ཐོན་སྐྱེད་ མང་སུ་ཡོདཔ་ལས་ གཞན་ཁར་བཙོང་ས་མེད་ནི་དེ་གིས་ཨིན་པས།

ཨེཆ་ ཨེཕ་འཐུས་མི་ཨིན་མི་ དཀོན་མཆོག་གླིང་ལས་ཨིན་མི་ སངས་རྒྱས་རྒྱ་མཚོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་ལུ་ཨེཆ་ ཨེཕ་ནོར་ ཨོམ་བཞོ་མི་༨ ཡོདཔ་ལས་ དེ་ཚུ་ལས་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༧༠ ལྷགཔ་རེ་ འཐོན་ནི་ཡོད་ཟེར་ཨིན་པས།

ཁོ་གིས་ བཀྲིས་སྒང་རྫོང་ཁག་འོག་གི་ ཆེ་ན་རི་ལུ་ཡོད་མི་ ཨོམ་བཟོ་བསྒྱུར་ཁང་ནང་ བཙུགས་ནིའི་རེ་བ་ཡོད་རུང་ འཐུས་མི་མ་ཚང་ནི་དེ་གིས་ ད་ལྟོ་ བཀྲམ་སྤེལ་འབད་མ་ཚུགས་པར་ ཡོད་ཟེར་ཨིན་པས།

བཀང་ལུང་ཤེས་རབ་བརྩེ་ མཐོ་རིམ་སློབ་གྲྭ་མཇུག་སྟེ་ ནོར་གསོ་སྐྱོང་གི་ལཱ་འབད་སྡོད་མི་ སངས་རྒྱས་རྒྱ་མཚོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ལྟོའི་ལྟེ་བ་གིས་ ཨོམ་ལི་ཊར་རེ་ལུ་ དངུལ་ཀྲམ་༤༥ འབད་མི་དེ་ མཐོ་དྲགས་པས་ཟེར་ཨིན་པའི་ཁར་ ལྟེ་བ་ནང་ གཙང་སྦྲ་མེད་པའི་ཁར་ མཐུན་རྐྱེན་ཚུ་ཡང་ མིན་འདུག་ཟེར་ཨིན་པས།

ཁོ་དང་ ཁོ་རའི་གནས་ཚང་གིས་ དྲོ་པ་ཨ་རྟག་ར་ ཨོམ་བཞོ་སྟེ་ གཡང་རྩེ་ཁྲོམ་ཁར་ འབག་སྐྱེལ་དོ་ཡོདཔ་ད་ ཕྱི་རུ་བཞོ་མི་ཚུ་ བཟའ་སྤྱོད་འབད་ནི་དང་ གཞན་ལུ་བཙོང་དོ་ཟེར་ཨིན་པས།

རྡོ་རྗེ་སྒྲོལ་མ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒུད་ཐོག་ལས་ འཕྲོ་མཐུད་འབད་མི་ཚུགས་ནི་ཨིནམ་ལས་ འཕྲལ་མགྱོགས་ར་ འཐུས་མི་ཚུ་དང་གཅིག་ཁར་ ཞལ་འཛོམས་འཚོགས་ནིའི་ འཆར་གཞི་ཡོད་ཟེར་ བཤད་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ བཀྲིས་བསྟན་འཛིན།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *