བཀོད་ཁྱབ་མདོ་ཆེན་བགྲེསཔ་གིས་ ལོ་༦༠ ཚུན་གྱི་ དགོངས་ཞུའི་ཐོབ་ལམ་ཚུ་ རྩིས་རྐྱབ་སྟེ་ གནང་དགོ་པའི་ཞུ་བ།

༉ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ བཀོད་ཁྱབ་མདོ་ཆེན་བགྲེསཔ་ བསོད་ནམས་རྡོ་རྗེ་གིས་ ཁོ་ར་ དགོངས་ཞུ་འབད་བཅུག་པའི་ རྩོད་བཤེར་དེ་ལུ་ ཁ་ཙ་ བརྒལ་ལན་ཕུལ་བའི་སྐབས་ ཁོ་ལུ་ ལོ་༦༠ ཚུན་ ལཱ་འབད་ནིའི་དུས་ཡུན་ཡོདཔ་ལས་ དེ་གི་ཐོབ་ལམ་ཚུ་བྱིན་ཏེ་ དགོངས་ཞུ་གཏང་ནིའི་བཀའ་རྒྱ་ གནང་དགོ་པའི་ ཞུ་བ་འབད་ཡི།
དེ་མ་ཚད་ ལས་འཛིན་གྱིས་ ཁོ་ར་ ལཱ་གཡོག་ནང་ལས་ འགན་གྲོལ་གཏང་ནིའི་ ཡིག་ཚང་བཀའ་རྒྱ་བཏོན་མི་དེ་ ཁྲིམས་འགལ་ཨིན་པའི་ བཀའ་རྒྱ་གནང་དགོ་པའི་ཁར་ ཁོ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངན་ལྷད་ཀྱི་ མངོན་རྟགས་མ་འགྲུབ་རུང་ གསར་ཤོག་ཚུ་ནང་ལས་ཕར་ ལས་འཛིན་གྱིས་ གནས་ཚུལ་གསར་བཏོན་ཐོག་ལས་ ཉེས་ཅན་ཨིན་པའི་ བརྡ་དོན་ སྤྲོད་ཡོད་མི་དེ་གིས་ སེམས་ཁམས་ཀྱི་སྡུག་བསྔལ་ ཚད་མེད་མྱོང་ཡོདཔ་ལས་ རྒུད་འཐུས་སྤྲོད་དགོ་པའི་བཀའ་རྒྱ་ གནང་དགོ་པའི་ཞུ་བ་འབད་ཡི།
བསོད་ནམས་རྡོ་རྗེ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་བཤེར་སྙན་ཞུ་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ཡོད་རུང་ ལས་འཛིན་གྱིས་ ཉེས་ཁྲིམས་བཀལ་དགོཔ་སྦེ་ ཡི་གུ་བཏང་མི་དང་འཁྲིལ་ ཁོ་རའི་ཡིག་ཚང་གིས་ ཁོ་ལུ་ ཉེས་ཁྲིམས་བཀལ་མི་དེ་ ཁྲིམས་མཐུན་ཨིན་ན་མེན་ནའི་ དབྱེ་དཔྱད་འབད་དགོཔ་སྦེ་ཞུ་ཡི།
དེ་ལས་ ལས་འཛིན་གྱི་ ལས་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༦ ཅན་མའི་ དོན་ཚན་༡༢.༡༡ ཀ་པ་དང་འཁྲིལཝ་ད་ ཉེས་འཛུགས་འབད་མི་དེ་ ཡིག་ཐོག་བྲིས་ཏེ་ སྤྲོད་དགོཔ་སྦེ་ཨིན་རུང་ ཡིག་ཐོག་ལུ་ ག་ནི་ཡང་ སྤྲོད་སྤྲོདཔ་མེད་ཟེར་ཞུ་ཡི།
བསོད་ནམས་རྡོ་རྗེ་གིས་ ཁོ་ར་ ལཱ་གཡོག་ནང་ལས་ དགོངས་ཞུ་བཏང་པའི་ཤུལ་ལས་ གནས་ཚུལ་གསར་ཤོག་ཚུ་ནང་ལས་ཕར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཀའ་ཡིག་དང་འཁྲིལ་ བཏང་ཡི་ཟེར་ཨིནམ་ད་ ཨིན་རུང་ ཁོ་གིས་འབད་བ་ཅིན་ ལྷན་ཚོགས་ཀྱི་བཀའ་རྒྱ་ནང་ ཁོ་ར་ དགོངས་ཕོག་གཏང་ནི་ཨིན་ན་དང་ ཡང་ཅིན་ གཡོག་ནང་ ལོག་བཙུགས་ནི་ཨིན་ན་དེ་ ལས་འཛིན་གྱི་ བློ་འདོད་ལྟར་ འབད་དགོཔ་སྦེ་ བཀོད་ཡོདཔ་མ་གཏོགས་ ངེས་པར་དུ་ གཏང་དགོཔ་སྦེ་ བཀོད་ཡོདཔ་མ་མཐོང་ཟེར་ཞུ་ཡི།
ཁོ་ལུ་ དགོངས་ཞུའི་ཐོབ་ལམ་བཀག་ཆ་འབད་མི་དེ་ཡང་ ཁྲིམས་འགལ་ཨིན་མས་ཟེར་ ཞུ་ཡོདཔ་ད་ ད་ལྟོ་ཡང་ ཁོ་ལུ་ ཉེས་འཛུགས་ག་ཅི་ཨིན་ན་ ཁ་གསལ་ག་ནི་ཡང་ བཀོད་དེ་མེདཔ་ལས་ ལཱ་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༦ མ་དང་འཁྲིལ་ ཁྲིམས་འགལ་ཨིན་པའི་ བཀའ་རྒྱ་གནང་དགོ་པའི་ཞུ་བ་འབད་ཡི།
དེ་ལུ་ ལས་འཛིན་གྱི་ཁྲིམས་ཚབ་ ཕུརཔ་རྡོ་རྗེ་གིས་ གནད་དོན་དེ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཟླཝ་དྲུག་གི་རིང་ ཞིབ་དཔྱད་འབད་ཡོདཔ་ལས་ རྩ་ཁྲིམས་ཅན་གྱི་ཡིག་ཚང་ཅིག་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ ལོག་སྟེ་ཡིག་ཚང་གིས་ ཞིབ་དཔྱད་འབད་བ་ཅིན་ རྩ་ཁྲིམས་ཅན་གྱི་ཡིག་ཚང་ལུ་ ཆ་མ་བཞགཔ་བཟུམ་ འགྱོ་ནི་ཨིན་མས་ཟེར་ཞུ་ཡི།
ཁྲིམས་ཚབ་ ཕུརཔ་རྡོ་རྗེ་གིས་ མཐོ་གཏུགས་འབད་ནིའི་ དུས་ཡུན་ནང་འཁོད་ལུ་ མ་འབད་ཟེར་ཞུ་ཡོད་མི་ལུ་ བསོད་ནམས་རྡོ་རྗེ་གི་ རྒྱབ་མི་གིས་ དུས་ཡུན་དེ་ རྩོད་རྙོགས་འདི་ནང་ འབྲེལ་བ་ག་ནི་ཡང་མེད་ཟེར་ཨིན་པའི་ཁར་ འགན་གྲོལ་བཀའ་རྒྱ་ལྷོད་པའི་ཤུལ་ལས་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ བསོད་ནམས་རྡོ་རྗེ་གིས་ བཀའ་རྒྱ་དེ་ ཁྲིམས་ཀྱི་རིམ་གྱིས་པ་དང་འཁྲིལ་ མ་འབད་བར་ཡོད་པའི་སྐོར་ལས་ བཀོད་ཚོགས་ཀྱི་ཁྲི་འཛིན་ལུ་ ཡི་གུ་ཅིག་བཏང་སྟེ་ དྲང་ཁྲིམས་དོན་ལུ་ ཁྲིམས་འདུན་ལུ་བཙུགས་ནི་ཟེར་ བཏང་སྟེ་ཡོད་ཟེར་ཞུ་ཡི།
ལྷག་པར་དུ་ བསོད་ནམས་རྡོ་རྗེ་གི་ངོ་ཚབ་ཀྱིས་ འགན་གྲོལ་བཀའ་རྒྱ་དེ་ སྤྱི་ཟླ་དང་པའི་ཚེས་༢༢ སྦེ་ བཀོད་དེ་ཡོད་རུང་ ཁོ་ལུ་ སྤྱི་ཟླ་དང་པའི་ཚེས་༢༦ ལུ་རྐྱངམ་གཅིག་ ཐོབ་ཅི་ཟེར་ཞུ་ཡི།
ངོ་ཚབ་ཀྱིས་ ལས་འཛིན་གྱི་ ལས་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༦ གི་ དོན་ཚན་༡༢.༡༤ དང་འཁྲིལཝ་ད་ མཐོ་གཏུགས་ཀྱི་རིམ་པ་དེ་ ཕྱིའི་ལས་ཚོགས་ལུ་འབད་ནིའི་དབང་ཆ་ རྩོད་ཟླ་ལུ་མིན་འདུག་ཟེར་ ཞུ་བའི་ཁར་ འགན་གྲོལ་བཀའ་རྒྱ་དེ་ ཁྲིམས་འགལ་ཐོག་བཏོན་ཡོདཔ་ལས་ མཐོ་གཏུགས་ཀྱི་དུས་ཡུན་དེ་ ད་ལྟོའི་ རྩོད་བཤེར་ནང་ འབྲེལ་བ་མེད་ཟེར་ཞུ་ཡི།
བསོད་ནམས་རྡོ་རྗེ་གིས་ རྩོད་བཤེར་ཐོན་དགོ་མི་དེ་ ངོ་མ་ར་ བཀོད་ཚོགས་ཀྱི་ མདོ་ཆེན་ཚུ་ལུ་བརྟེན་ཏེ་ ཨིན་ཟེར་ཞུ་མི་ལུ་ ལས་འཛིན་གྱི་ཁྲིམས་ཚབ་ ཕུརཔ་རྡོ་རྗེ་གིས་ བཀོད་ཚོགས་ཀྱི་ མདོ་ཆེན་ཚུ་གིས་ཐག་བཅད་མི་དེ་ ཁོང་ཆ་ཁྱབ་ཀྱི་ ངོ་རྐྱང་གི་མཐའ་དོན་ལུ་མེན་པར་ ལས་འཛིན་གྱི་ངོ་ཚབ་སྦེ་ ཐག་བཅད་བཅདཔ་ཨིན་ཟེར་ཞུ་ཡི།
འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱིས་ སྤྱི་ཟླ་༤ པའི་ཚེས་༢ ལུ་ བརྒལ་ལན་ཕུལ་ནི་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *