གཙང་སྦྲ་དང་ལྡན་པའི་ བཀའ་རྒྱ་ཁྲོམ།

བཀའ་རྒྱ་ཁྲོམ་ནང་ ཚོང་མགྲོན་པ་ཚུ་ སྤུངས་འཛོམས་འབད་དོ་ཡོདཔ།

༉ མཛེས་ཆ་དང་ལྡན་པའི་ གནས་སྐབས་ཀྱི་ བཀའ་རྒྱ་ཁྲོམ་ཁར་ ཉིནམ་ཨ་རྟག་ར་ ཉོ་ཚོང་རྐྱབ་མི་ཚུ་ སྤུངས་འཛོམས་འབད་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་པས།

བཀའ་རྒྱ་ཁྲོམ་དེ་ ཏཱ་ར་ཡ་ན་གཞི་ཚོགས་དང་ བརྒྱ་འཁོར་ཚོད་བསྲེ་ཁྲོམ་གྱི་སྦུག་ལུ་ བཟོ་ཡོདཔ་ད་ དེ་ཡང་ ཐིམ་ཕུག་བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་དེ་ ཉམས་བཅོས་འབད་བའི་བསྒང་ཡོད་ནི་དེ་གིས་ཨིན་པས།

ཁྲོམ་དེ་ནང་ ཞབས་ཁྲ་ཚུ་ཡང་ བཏང་དོ་ཡོདཔ་ལས་ ཚོང་ཉོ་མི་ཚུ་ལུ་ ཚོར་སྣང་མ་འདྲཝ་བྱུང་དོ་ཡོདཔ་བཞིན་དུ་ བཞེས་སྒོ་དང་ འཐུང་ནིའི་རིགས་ཚུ་ཡང་ སྦྱོང་བརྡར་འབད་མི་ བདེ་སྲུངཔ་ཚུ་གིས་ བཙོངམ་ཨིན་པས།

ཁྲོམ་དེ་ ཧིང་སངས་སང་སྦེ་ བཞག་དོ་ཡོདཔ་མ་ཚད་ ཕྱགས་སྙིགས་དང་ རག་རོག་ཚུ་ཡང་ ག་ནི་ཡང་མེད་པར་ གཙང་ཏོང་ཏོ་སྦེ་ མཐོང་ཚུགསཔ་ཨིན་པས།

ཚོད་བསྲེ་བཙོང་སྟེ་ ལོ་༦ ལང་མི་ སུམ་མཆོག་གིས་ སླབ་མིའི་ནང་ གནས་སྐབས་ཀྱི་ ཚོང་བཙོང་སའི་ས་གོ་ནང་ འོང་འབབ་བཟོ་ནི་ མར་བབས་སོང་མི་དེ་ གཙོ་བོ་ར་ ཚོང་ཆས་ཚུ་ཡོད་མེད་ལུ་ རག་ལས་པས་ཟེར་ཨིན་པས།

ཨིན་རུང་ དྲོ་པའི་ཆུ་ཚོད་༨ ལས་ ནུབ་མོའི་ཚུན་ སྒོ་ཕྱེས་བཞག་དོ་ཡོདཔ་ལས་ ཉིན་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༡༠༠༠ རེ་ཐོབ་མི་དེ་གིས་ བཟའ་ཚང་དང་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་གི་དོན་ལུ་ ཕན་ཐོགས་འདུག་ཟེར་ཨིན་པས།

དེ་བཟུམ་སྦེ་ ཨ་ལོ་༣ གྱི་ཨའི་དང་ ཡ་བྲལ་སོང་མི་ སངས་རྒྱས་དབང་མོ་གིས་ སླབ་མིའི་ནང་ ནད་ཡམས་ཀོ་བིཌ་༡༩ མ་ཐོན་པའི་ཧེ་མར་ བཟའ་ཚང་དང་གཅིག་ཁར་སྡོད་པའི་སྐབས་ ཇོ་བདག་ཅིག་གི་འོག་ལུ་ གོ་ལ་འཐགས་ཏེ་སྡོདཔ་ད་ ཏི་རུ་བྱིན་མ་བཏུབ་ལས་ བྱ་ཐབས་མེད་པར་ ཚོད་བསྲེ་བཙོང་ནི་འགོ་བཙུགས་ཏེ་ ཟླཝ་༦ ལང་ཡི་ཟེར་ཨིན་པས།

རང་སོའི་ མི་ཚེ་སྐྱོང་ནི་དང་ ཕམ་སྤུན་ཆ་ཚུ་ལུ་ ཆ་རོགས་འབད་ནི་དང་ ཨ་ལོ་གསོ་ནིའི་དོན་ལུ་ གཟུགས་ཁམས་ལུ་ ཕན་ཐོགས་པའི་ ཚོད་བསྲེ་བཙོང་སྡོད་པའི་སྐབས་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ བཟོ་མ་ཚུགས་རུང་ མི་ལེ་ཤ་ཅིག་དང་ འབྲེལ་བ་འཐབ་ཚུགསཔ་མ་ཚད་ ཉམས་མྱོང་དང་ རིག་རྩལ་ཚུ་ འཐོབ་ཚུགས་པས་ཟེར་ སངས་རྒྱས་དབང་མོ་གིས་ བཤདཔ་ཨིན་པས།

ཟླ་བ་གིས་ སླབ་མིའི་ནང་ ཨ་རྟག་ཡོད་པའི་ ནང་འཁོད་སོ་ནམ་ཐོན་སྐྱེད་བཙོང་ཁང་དེ་ ཉམས་བཅོས་ཀྱི་ལཱ་འབད་དོ་ཡོདཔ་ལས་ དེ་ཁར་སྡོད་པའི་ ཚོང་པ་ཚུ་ལུ་ གནོད་སྐྱོན་མེདཔ་སྦེ་ གནས་སྐབས་ཀྱི་ས་གོ་ནང་ དགའ་ཏོག་ཏོ་སྦེ་ ཚོང་བཙོང་ནིའི་གོ་སྐབས་ ཐོབ་ཡོདཔ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།

ཚོང་རྒྱ་ཆེཝ་སྦེ་ བཙོང་མ་ཚུགས་རུང་ མི་དབང་མཆོག་་གིས་ ཞབས་བཅགས་གནང་སྟེ་ ཚོང་པ་ཚུ་དང་ མཇལ་ཕྲད་གནང་སྟེ་ བཀའ་སློབ་དང་ སྐྱིད་སྡུག་གཟིགས་གནང་ནི་དེ་གིས་ སེམས་ཤུགས་དང་ བློ་སྟོབས་སྦོམ་ཐོབ་ཚུགས་པས་ཟེར་ཁོ་གིས་ བཤད་ཅི།

ལྷག་པར་དུ་ ས་གོ་དེ་ ཟད་འགྲོ་སྦོམ་བཏང་སྟེ་ ཚོད་བསྲེ་དང་ ཤིང་འབྲས་བཞག་ནིའི་མཐུན་རྐྱེན་དང་ གློག་མེ་ཚུ་ཡང་ ཁྲ་ཆེམ་ཆེམ་ དེ་ལས་ གླུ་གཞས་ཚུ་བཏང་སྟེ་ དགའ་ཏོག་ཏོ་བཟོ་ཡོདཔ་མ་ཚད་ བཟའ་ཚང་སྐྱིད་ཉམས་སྐྱོང་ཐབས་ལུ་ བཟའ་འཐུང་རིགས་ཡང་ དེ་ཁར་ འཐོབ་ཆོག་ཆོ་བཟོ་ཡོདཔ་ལས་ མི་དབང་མཆོག་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།

བདུན་ཕྲག་གི་ངལ་གསོ་དང་ གཞུང་གི་ངལ་གསོ་མ་ཚད་ གཟའ་མིག་དམར་ལས་ སྤེན་པ་ཚུན་ ཞི་གཡོགཔ་དང་ ལས་འཛིན་ དེ་ལས་ སྒེར་སྡེ་ ཚོང་པ་གཞན་ཚུ་གིས་ བཟའ་འཐུང་དང་ སྐྱིད་ཉམས་སྐྱོང་ཐབས་ལུ་ བཤལ་བར་འོང་དོ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༠༨ ལུ་ གཞི་བཙུགས་འབད་མི་ བརྒྱ་འཁོར་སོ་ནམ་ཚོད་བསྲེ་ཁྲོམ་དེ་ ད་ལྟོ་ཚུན་ ཉམས་བཅོས་འགོ་འདྲེན་མ་འཐབ་པར་ཡོདཔ་ད་ ད་རེས་ ཉམས་བཅོས་ཀྱི་ལཱ་དེ་ ཐིམ་ཕུག་གི་རི་ནར་ལས་སྡེ་གིས་ འབད་དོ་ཡོདཔ་ཨིན་པས།

ད་རེས་ བཀའ་རྒྱ་ཁྲོམ་ནང་ ཚོང་པ་༡༧༦ གིས་ ནང་འཁོད་ལས་ཐོན་སྐྱེད་འབད་མི་ ཐོན་སྐྱེད་མ་འདྲཝ་ཚུ་ བཙོང་དོ་ཡོད་པའི་གནས་ཚུལ། 

བཀྲིས་ཕུན་ཚོགས།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *