༉ ཐིམ་ཕུག་ བཀའ་རྒྱ་ཁྱོམ་ནང་ཡོད་པའི་ རང་བཞིན་སླར་འབྱུང་ཐོན་ཁུངས་ཀྱི་ རང་བཞིན་སོ་ནམ་དང་སྒོ་ནོར་ཐོན་སྐྱེད་བཙོང་ཁང་གིས་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཚོང་འབྲེལ་གདོང་ལེན་བྱུང་མི་དེ་ སེལ་ཐབས་འབད་ནིའི་དོན་ལུ་ ཆ་རོགས་འབད་དོ་ཡོདཔ་ཨིན་པས།
དེ་ཡང་ དར་དཀར་དཔལ་ལུ་ གཞི་བཙུགས་འབད་དེ་ཡོད་པའི་ དར་དཀར་སོ་ནམ་ཐོན་སྐྱེད་སྡེ་ཚན་གྱི་ རྒྱ་སྐྱེད་བཙོང་ཁང་བཟུམ་ཅིག་ཨིནམ་ད་ སྡེ་ཚན་དེ་གིས་ བཀྲམ་སྤེལ་བ་གཞན་ཚུ་མ་བརྩིས་བར་ ཐིམ་ཕུག་ལུ་ སོ་ནམ་ཐོན་སྐྱེད་ཚུ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
ཚང་ཁ་ ས་ལམ་སྦྱིས་ལས་ བཟའ་ཚང་ཅིག་གིས་ བཀའ་རྒྱ་ཁྲོམ་ནང་ཡོད་པའི་ ས་གནས་ཐོན་སྐྱེད་བཙོང་ཁང་དེ་ ལག་ལེན་འཐབ་དོ་ཡོདཔ་བཞིན་དུ་ བཙོང་ཁང་དེ་ སྤྱི་ཟླ་༡ པའི་ཚེས་༢༨ ལུ་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ཐོན་སྐྱེད་བཙོང་ཁང་ ལག་ལེན་འཐབ་མི་ བིཤ་ནུ་མ་ཡ་ སུ་བྷ་གིས་ སླབ་མིའི་ནང་ མོ་གིས་ དར་དཀར་ནང་ལས་ སོ་ནམ་གྱི་ཐོན་སྐྱེད་ཚུ་ ཉོ་ཞིནམ་ལས་ དབང་འདུས་ལུ་ བཙོངམ་ཨིན་རུང་ ད་རེས་ དར་དཀར་ནང་སོ་ནམ་སྡེ་ཚན་གྱིས་ ས་གནས་ཀྱི་ ཐོན་སྐྱེད་ཚུ་ བཙོང་ནིའི་གོ་སྐབས་བྱིན་ཡོདཔ་ལས་ ང་བཅས་ཀྱིས་ རང་བཞིན་གྱི་ སོ་ནམ་ཐོན་སྐྱེད་ཚུ་ ཐིམ་ཕུག་ལུ་ ལེགས་ཤོམ་སྦེ་ བཙོང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
མོ་གི་རྨགཔ་ ཀི་རིཤ་ན་ བྷ་དུར་གྱིས་ སུ་བྷ་གིས་ སླབ་མིའི་ནང་ ཁོང་གི་ཁ་ཐུག་ལས་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཚོང་འབྲེལ་གྱི་ གདོང་ལེན་བྱུང་མི་དེ་ སེལ་ཐབས་འབད་ནིའི་དོན་ལུ་ རྩ་འགེངས་ཏེ་ ལཱ་འབད་ནི་ཨིན་ཟེར་ཨིན་པས།
དར་དཀར་ནང་ལུ་ ཚོད་བསྲེ་བཙོང་ནི་དེ་ ང་བཅས་ཀྱི་ སོ་ནམ་པ་ཚུ་ལུ་ ལཱ་ཁག་ཡོད་ཟེར་ཨིནམ་ད་ ཨིན་རུང་ ད་རེས་ ཐིམ་ཕུག་ལུ་ ཚོད་བསྲེ་བཙོང་ཁང་ཅིག་ཡོདཔ་ལས་ དར་དཀར་ནང་གི་ རྒེད་འོག་༡༤ ཆ་མཉམ་ལས་ ཚོད་བསྲེའི་རིགས་ཚུ་ བསྡུ་བསྒྱོམ་འབད་དེ་ བཙོང་ནི་ཨིནམ་ལས་ སོ་ནམ་པ་ཚུ་གིས་ཡང་ སེམས་ཤུགས་བསྐྱེད་ཚུགས་ནི་མས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
རྟ་ནག་སྦིས་ལས་ ཚོད་བསྲེ་བཀྲམ་སྤེལ་བ་ སྤེན་པ་གིས་ སླབ་མིའི་ནང་ བདུན་ཕྲག་འདི་གི་ སྔ་ཆ་ལུ་ ཐིམ་ཕུག་བཀའ་རྒྱ་ཁྲོམ་ནང་ ཚོད་བསྲེ་བཙོང་ཁང་ གཞི་བཙུགས་འབད་མི་དེ་གིས་ དར་དཀར་ནང་གི་ ཞིང་པ་ཚུ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་མས།
རྫོང་ཁག་སོ་ནམ་འགོ་དཔོན་ལས་རོགསཔ་ ཀུན་ལེགས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ དར་དཀར་སྤེར་ལའི་ ཚོད་བསྲེ་ཚོང་ཁང་དེ་ ས་གནས་ལྟེ་བ་ལུ་འབད་ནི་དེ་གིས་ རྒེད་འོག་ལེ་ཤ་ཅིག་ནང་ ལྷོད་ཚུགས་པའི་ཁར་ ཐིམ་ཕུག་ལུ་ ཚོད་བསྲེའི་རིགས་ཚུ་ གང་མང་བཀྲམ་སྤེལ་འབད་ཚུགས་ཟེར་ཨིནམ་ད་ ཞབས་ཏོག་འདི་ དར་དཀར་ནང་འོག་གི་ རྒེད་འོག་༡༤ ལས་ སོ་ནམ་པ་ཆ་མཉམ་གྱིས་ སྤྱོད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཀུན་ལེགས་རྣམ་རྒྱལ་གྱིས་ བཤད་མིའི་ནང་ འབྲུག་ལུ་ སོ་ནམ་པ་ཚུ་གིས་ ཁོང་རའི་ ཐོན་སྐྱེད་ཚུ་བཙོང་ནིའི་དོན་ལུ་ ཚེང་འབྲེལ་འཐབ་སའི་ས་ཁོངས་ འོས་ལྡན་ཅིག་མེད་པའི་ གདོང་ལེན་བྱུངམ་མས་ཟེར་ཨིན་མས།
འདས་པའི་ལོ་ནང་ དར་དཀར་དཔལ་ལ་ལུ་ སོ་ནམ་ཐོན་སྐྱེད་བཙོང་ཁང་ སྒོ་ཕྱེས་མི་ལུ་བརྟེན་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཕན་ཁྱད་བྱུང་ཡོདཔ་མ་ཚད་ ཐིམ་ཕུག་ལུ་ བཙོང་ཁང་རྒྱ་སྐྱེད་འབད་མི་དེ་གིས་ཡང་ ཕན་རླབས་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
བཙོང་ཁང་དེ་ནང་ བདུན་མཐའ་ཨ་རྟག་ར་ མི་སྡེ་ཚུ་ལས་ སོ་ནམ་ཐོན་སྐྱེད་གསརཔ་ཚུ་ ལྷོད་ནི་ཨིནམ་བཞིན་དུ་ ཐིམ་ཕུག་ལུ་ བཙོང་ནི་ཨིནམ་ད་ མང་ཤོས་ཚོད་བསྲེའི་རིགས་ཨིན་པའི་ ཐོན་སྐྱེད་༣༠ ལྷགཔ་ཅིག་ བཙོང་ཁང་དེ་གིས་ ཚོང་འབྲེལ་འཐབ་ནི་ཨིན་པས།
སོ་ནམ་ཚོང་ལས་དང་མཉམ་ལས་སྡེ་ཚན་གྱིས་ སོ་ནམ་པ་ཚུ་གི་ ཚོང་འབྲེལ་བཟོ་ནིའི་ནང་ ཆ་རོགས་དང་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ ཟླཝ་༣ གྱི་རིང་ བཙོང་ཁང་༢ ཀྱི་དོན་ལུ་ འཐུས་དངུལ་ཀྲམ་༦,༠༠༠ པོ་དེ་ཡང་ ཡངས་ཆག་བཏང་ཡོད་པའི་གནས་ཚུལ།