ལྗགས་ལུང་གནང་སར་ ག་ཅིའི་ཐད་ལས་འབད་རུང་ ཞབས་ཏོག་གང་དྲག་ཞུ་མི་ བདེ་སྲུངཔ་ཚུ།

བཀའ་འགྱུར་ལྗགས་ལུང་ཞུ་མི་ཚུ་ལུ་ ཞབས་ཏོག་གང་དྲག་ ཞུ་དོ་ཡོདཔ།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་ ཀུན་གསལ་ཕོ་བྲང་གི་ ས་ཁོངས་ནང་སྦེ་ རྒྱལ་བའི་གསུང་རབ་ཆེན་མོ་ བཀའ་འགྱུར་ལྗགས་ལུང་གནང་སར་ དད་མོས་ཅན་ སྟོང་ཕྲག་ལས་བཅད་དེ་ འཛོམས་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢ ལུ་ བཀའ་འགྱུར་ལྗགས་ལུང་ འགོ་བཙུགས་པའི་སྐབས་ དད་ཅན་ཁྲི་ཕྲག་ལས་བཅད་དེ་ འཛོམས་ནི་དེ་གིས་ མི་ཚུ་གུར་ནང་ མ་ཤོང་པར་ ཕྱི་ཁར་སྡོད་དགོཔ་ཐོན་ཡོདཔ་མ་ཚད་ མང་ཤོས་ཅིག་ ཆབ་གསང་གཏང་ནིའི་དོན་ལུ་ ཚལ་མ་ནང་ལས་ཕར་ ག་ཐོབ་འགྱོ་བའི་ ལོ་རྒྱུས་གོ་མི་དེ་ཡང་ མི་མང་ནི་དེ་གིས་ཨིན་པས།
བཀའ་འགྱུར་ལྗགས་ལུང་ འགོ་འདྲེན་འཐབ་མི་ ཚོགས་ཆུང་གི་ ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ ཁོང་གི་མནོ་བསམ་ལས་ མི་མཐོ་ཤོས་ ཁྲི་༡ དེ་ཅིག་ལས་བརྒལ་ མི་འོང་ཟེར་མནོ་སྟེ་ སྟོང་ཕྲག་༥༠,༠༠༠ དེ་ཅིག་གི་ རྩིས་མ་རྐྱབ་ནི་དེ་གིས་ ཆ་མཉམ་ར་ གུར་ནང་ཤོང་མ་ཚུགས་པའི་ དཀའ་ངལ་ཐོན་ཡི་ཟེར་ཨིན་པས།
མ་གཞི་ གུར་ནང་ མི་སྟོང་ཕྲག་༣༠,༠༠༠ དེ་ཅིག་ ཤོང་ཚུགས་པའི་ ས་གོ་ཡོདཔ་ད་ ལྗགས་ལུང་ཉིནམ་༢ པ་དང་༣ པའི་ནང་ མི་༣༠,༠༠༠ དེ་ཅིག་ འོང་མི་ཚུ་ག་ར་ ཤོང་ཡོད་རུང་ ཚོགས་པའི་འཐུས་མི་ཚུ་གིས་ སླབ་མིའི་ནང་ ད་ལས་ཕར་ མི་མངམ་འོང་པ་ཅིན་ གདོང་ལེན་འབད་ནིའི་ ཐབས་ཤེས་ཚུ་ཡང་ བཏོན་དོ་ཟེར་ཨིན་པས།
བཀའ་འགྱུར་ལྗགས་ལུང་ཚོགས་ཆུང་གི་དྲུང་ཆེན་ མཁན་པོ་སངས་རྒྱས་ཆོས་གྲགས་ཀྱིས་འབད་བ་ཅིན་ བཀའ་འགྱུར་ལྗགས་ལུང་གནང་སའི་ ས་ཁོངས་ནང་ བླམ་ཆོསཔ་ཚུ་གི་དོན་ལུ་ གསང་སྤྱོད་༤༠ བཟོ་ཡོདཔ་མ་ཚད་ མི་སེར་སྤྱིར་བཏང་གི་དོན་ལུ་ དབང་ཁང་གི་ འོག་ལས་མར་ གསང་སྤྱོད་༣༠ ཡོདཔ་ལས་ གསང་སྤྱོད་མ་ལང་པའི་ དཀའ་ངལ་མེད་ཟེར་ཨིནམ་ད་ གསང་སྤྱོད་ཚུ་ཡང་ དེང་སང་ལུགས་ཀྱི་ ཆུ་ལག་ལེན་འཐབ་བཏུབ་མི་ཚུ་ཨིན་པས།
དེ་མ་ཚད་ གསང་སྤྱོད་ཧིང་སངས་ས་ བཞག་ནིའི་དོན་ལུ་ ཨ་རྟག་ར་ལཱ་འབད་མི་ ལས་མི་༧ བཙུགས་ཡོདཔ་ལས་ ཁོང་གིས་ ཉིན་ནུབ་མེད་པར་ ལཱ་འབད་དོ་ཟེར་ མཁན་པོ་གིས་ བཤད་ཡོདཔ་ད་ གསང་སྤྱོད་ཚུ་གིས་ དབང་ཁང་གི་ མཐའ་འཁོར་ལུ་ སྒེར་གྱི་ཐོག་ལས་ སྡོད་མི་ཚུ་ལུ་ཡང་ ཕན་ཐོགས་བྱུང་དོ་ ཡོདཔ་ཨིན་པས།
ལྗགས་ལུང་ཞུ་མི་ཚུ་ རྫོང་ཁག་༢༠ ག་རའི་ནང་ལས་ མི་སྟོང་ལས་བཅད་དེ་ འོང་ཡོདཔ་ད་ ཐིམ་ཕུག་ལུ་ གནསཔ་མེད་པའི་ དཀའ་ངལ་བྱུང་མི་ཚུ་ དབང་ཁང་གི་ མཐའ་འཁོར་ལུ་ གུར་སྤུབས་ཏེ་སྡོད་དོ་ཡོདཔ་ད་ དེའི་དོན་ལུ་ ཚོགས་ཆུང་གི་ ས་ཆ་ཨེ་ཀར་༢༢ ངོས་འཛིན་འབད་ནུག།
འཐུང་ཆུ་ཡང་ ལངམ་སྦེ་ཡོདཔ་ད་ དེ་ཡང་ ཀུན་གསལ་ཕོ་བྲང་ནང་ ཧེ་མ་ལས་ འཐུང་ཆུ་ཡོད་པའི་ཁར་ ལྗགས་ལུང་གི་དོན་ལུ་ ཕ་ཇོ་སྡིངས་དགོན་པའི་འོག་ལས་འབབ་མི་ རོང་ཆུ་འཐེན་ཡོདཔ་ལས་ འཐུང་ཆུའི་དཀའ་ངལ་ མེདཔ་ཨིན་པས།
ལྗགས་ལུང་ཞུ་མི་ཚུ་ལུ་ ཉིན་མའི་ལྟོ་དང་ ཇ་ཐེངས་༢ རེ་ དྲང་དོ་ཡོདཔ་ད་ ཉིནམ་དང་པའི་ནང་ ལྟོ་དུམ་གྲ་ཅིག་ ལང་མ་ཚུགས་པའི་ དཀའ་ངལ་ཐོན་མི་དེ་ཡང་ མི་གི་ཕོག་ཚོད་ མ་ཤེས་ནི་དེ་གིས་ཨིནམ་ད་ ཨིན་རུང་ ཤུལ་ལས་ གྲ་སྒྲིག་འབད་དེ་ ག་ར་ལུ་ ཁྱབ་ཚུགསཔ་སྦེ་ར་ བྱིན་ནུག།
བཞེས་སྒོ་ཚུ་ཡང་ གཙང་སྦྲ་དང་ལྡནམ་སྦེ་ བཟོ་ནིའི་དོན་ལུ་ འབྲུག་བཟའ་ཆས་དང་ཁྲིམས་དོན་དབང་འཛིན་གྱིས་ རྒྱབ་སྐྱོར་ཐོག་ལས་ བཞེས་སྒོའི་རིགས་ཚུ་ ལྟ་རྟོག་འབད་དོ་ཡོདཔ་མ་ཚད་ གསོ་བའི་ཞབས་ཏོག་གི་དོན་ལུ་ ཕྱི་པ་དང་ ནང་པ་གཉིས་ཆ་རའི་ ལས་བྱེདཔ་ཚུ་ ཡོདཔ་ཨིན་པས།
ལྗགས་ལུང་ཞུ་མི་ཚུ་ལུ་ སྐྱེལ་འདྲེན་ཞབས་ཏོག་དོན་ལས་ ཁྲོམ་སྡེའི་འགྲུལ་འཁོར་བཱསི་༡༤ བཙུགས་ཡོདཔ་མ་ཚད་ སློབ་གྲྭ་ཁག་གི་ བཱསི་ཚུ་ལེན་ནིའི་ འཆར་གཞི་ཡང་ཡོདཔ་ཨིན་པས།
ལྗགས་ལུང་ཞུ་ནིའི་ སྤྲོ་བ་ཡོད་རུང་ དབང་ཁང་ནང་ ལྷོད་མ་ཚུགས་མི་ཚུ་གི་དོན་ལུ་ ཚོགས་ཆུང་གི་ཧོངས་ལས་ མི་སྡེ་བརྡ་བརྒྱུད་ ཕེསི་བུག་ནང་ དངོས་མཐོང་གི་ ཞབས་ཏོག་བྱིན་ནི་དང་ རྒྱང་བསྒྲགས་རེ་ཌིའོ་ཐོག་ལས་ ཞབས་ཏོག་ཕུལ་ནིའི་ དཔའ་བཅམ་རུང་ མཐར་འཁྱོལ་འབྱུང་མ་ཚུགས་མི་དེ་ འབྲེལ་ཡོད་ལས་སྡེ་ཚུ་ལས་ རྒྱབ་སྐྱོར་འཐོབ་མ་ཚུགས་ནི་དེ་གིས་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *