བཀའ་བརྒྱུད་སྔོན་འགྲོའི་ ཚོགས་ཞིང་གི་མཐོང་གྲོལ།

བཀའ་བརྒྱུད་སྔོན་འགྲོའི་ ཚོགས་ཞིང་གི་མཐོང་གྲོལ་དང་ གུ་རུ་གཙོ་འཁོར་༣ གྱི་ སྐུ་འདྲ་ལུ་རབ་གནས།

༉ ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་ རྒྱལ་བའི་བཀའ་འགྱུར་ཆེན་མོའི་ལྗགས་ལུང་གནང་སར་ བཀའ་བརྒྱུད་སྔོན་འགྲོའི་ཚོགས་ཞིང་གི་ མཐོང་གྲོལ་ཆེན་མོ་དང་ གུ་རུ་གཙོ་འཁོར་གསུམ་གྱི་ སྐུ་འདྲ་ལུ་ བཀྲིས་རབ་གནས་གནང་ཡི།
རིང་ཚད་ཕིཊ་༤༧ དང་ རྒྱ་ཚད་༣༤ འབད་མི་ སྔོན་འགྲོའི་ཚོགས་ཞིང་དེ་ རྒྱུ་གོས་ཆེན་གུ་ འཚེམ་དྲུབ་འཐུ་སྟེ་བཞེངས་ཡོདཔ་ད་ དེ་ནང་ ཆོས་སྐུ་རྡོ་རྗེ་འཆང་གིས་གཙོས་པའི་ བཀའ་བརྒྱུད་ཀྱི་བླ་བརྒྱུད་ཚུ་དང་ སངས་རྒྱས་སྟོང་རྩ་གཉིས་ ཉེ་བའི་སྲས་ཆེན་བརྒྱད་ གླེགས་བམ་ ཡིད་དམ་རྒྱུད་སྡེ་༤ ལ་སོགས་པའི་ལྷ་ཚོགས་ དེ་ལས་ བཀའ་སྲུང་དམ་ཅན་ཚུ་གི་ སྐུ་འདྲ་ཚུ་ཡོདཔ་ཨིན་པས།
མཐོང་གྲོལ་ཆེན་མོ་དེ་ བཀྲིས་སྒང་ ཀླུ་མང་རྒེད་འོག་ སྒྲུབ་ཁང་ལྷ་ཁང་གི་དོན་ལུ་ཨིནམ་ད་ མཐོང་གྲོལ་དེ་ གཞུང་གྲྭ་ཚང་གི་དགེ་སློང་ སློབ་དཔོན་ཀརྨ་འོད་ཟེར་གྱིས་ འགོ་འདྲེན་ཐོག་ལས་ བཞེངས་ཡོདཔ་ད་ ཟླཝ་༡༨ ཀྱི་ནང་འཁོད་ལུ་ བཞེངས་མི་མཐོང་གྲོལ་ཆེན་མོ་དེ་ འཕྲལ་ར་ ལྷ་ཁང་དེ་ནང་ གདན་འདྲེན་ཞུ་ནི་ཨིན་པས།
སློབ་དཔོན་ཀརྨ་འོད་ཟེར་གྱིས་འབད་བ་ཅིན་ སྒྲུབ་ཁང་ལྷ་ཁང་དེ་ དུས་རབས་༡༨ པའི་ནང་ རྗེ་མཁན་ཁྲི་རབས་༡༠ པ་ བསྟན་འཛིན་ཆོས་རྒྱལ་གྱིས་ གདན་ས་ཕྱག་བཏབ་གནང་ཐོག་ལས་ གཙུག་ལག་ཁང་བཞེངས་ནི་དེ་གིས་ མཐོང་གྲོལ་ཆེན་མོ་དེ་ གཙུག་ལག་ཁང་གི་ ནང་རྟེན་ངོ་མ་ཅིག་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༧ ལྷགཔ་ཅིག་གནས་མི་ མཐོང་གྲོལ་དེ་ནང་ སྤྱི་ལོ་༢༠༡༦ ལུ་ ཞབས་དྲུང་སྐུ་མཆོད་དང་འབྲེལ་ གཞི་བཙུགས་མ་དངུལ་ དངུལ་ཀྲམ་༥༠,༠༠༠ གིས་ཐོག་ལས་ བཞེངས་ནི་འགོ་བཙུགས་མིའི་ཐོག་ལུ་ ནདཔ་བཅོ་ཁ་རྐྱབ་འཐུས་ བྱིན་པའི་སྐབས་ ཏི་རུ་དུམ་གྲ་རེ་ ཐོབ་མི་དེ་ བསགས་བཞག་ཐོག་ལས་ ཟད་འགྲོ་བརྒྱ་ཆ་༧༠ དེ་ཅིག་གཏང་ནི་ལུ་ ཕན་ཐོགས་བྱུང་ཡི་ཟེར་ཨིནམ་ད་ ལྷག་ལུས་བརྒྱ་ཆ་༣༠ དེ་ཅིག་ ཞལ་འདེབས་སྦེ་ ཕུལ་མི་ཐོན་ནུག།

གུ་རུ་གཙོ་འཁོར་༣ གྱི་སྐུ་འདྲ།

སློབ་དཔོན་ ཀརྨ་འོད་ཟེར་དེ་ རྟ་མགོ་མཐོ་རིམ་ནང་པའི་སློབ་གྲྭ་ལས་ འཛིན་གྲྭ་༩ པ་ མཇུག་བསྡུ་བའི་ཤུལ་ལུ་ ནདཔ་ཚུ་ལུ་བཅོ་ཐབས་དང་འབྲེལ་བའི་ཞབས་ཏོག་ བྱིན་སྡོད་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ མཐོང་གྲོལ་བཞེངས་མི་དེ་ཡང་ རྒྱལ་ཁབ་ཀྱི་ ཞི་བདེའི་དོན་ལུ་དང་ དམིགས་བསལ་དུ་ ཝམ་རོང་ལུང་ཕྱོགས་ཀྱི་ ནང་རྟེན་བཟུམ་ཅིག་ ཨིན་ཟེར་ཨིན་པས།
སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ མཐོང་གྲོལ་དང་འབྲེལ་ གུ་རུ་གཙོ་འཁོར་གསུམ་གྱི་ སྐུ་འདྲ་ལུ་ བཀྲིས་རབ་གནས་གནང་མི་དེ་ ཧཱ་ གསང་སྦས་རྒེད་འོག་ མོ་ཆུ་ཕུན་ཚོགས་དང་ རྒྱས་གླིང་ལྷ་ཁང་ནང་ ཞུ་ནི་ཨིན་པས།
རིང་ཚད་ཕིཊ་༦ འབད་མི་ ཨྱོན་གུ་རུ་རིན་པོ་ཆེ་དང་ ཕིཊ་༣ དེ་ཅིག་འབད་མི་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་ ལྷ་ལྕམ་མནྜ་ར་བའི་སྐུ་འདྲ་ཨིནམ་ད་ གུ་རུ་གཙོ་འཁོར་གསུམ་གྱི་ སྐུ་འདྲ་དེ་ ན་ཧིང་ གུ་རུ་སྟོང་སྐུ་ཟེར་ ཨྱོན་གུ་རུ་རིན་པོ་ཆེའི་སྐུ་འདྲ་༡,༡༡༡ བཞེངས་མིའི་སྐུ་འདྲ་ཚུ་གི་ གཙོ་དེ་ཨིན་པས།
ཧཱ་གི་ བླམ་གནས་བརྟན་བགྲེསཔ་ བཀྲ་སྐྱིད་ཀྱིས་ བཤད་མིའི་ནང་ རྒྱུ་སྨན་འདམ་ལས་བཞེངས་མི་ གུ་རུ་གཙོ་འཁོར་གསུམ་གྱི་ སྐུ་འདྲ་དེ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣ ལྷགཔ་ཅིག་སྦེ་ བཞེངས་ཡོད་མི་ལས་ དངུལ་ཀྲམ་ས་ཡ་༡ གཞུང་གིས་གནང་ཡི་ཟེར་ཨིནམ་ད་ སྐུ་འདྲ་དེ་ ལྷ་ཁང་ནང་ཞུ་བའི་ཤུལ་ལས་ ལོ་བསྟར་བཞིན་དུ་ གུ་རུ་རིན་པོ་ཆེའི་གསོལ་འདེབས་ གནང་ནིའི་སྲོལ་བཙུགས་ནི་ཟེར་ཨིནམ་ད་ ད་ཚུན་ ལྷ་ཁང་ནང་ ལོ་བསྟར་གྱི་ཚེས་བཅུ་ཚུ་ རྒྱུན་མ་ཆད་པར་གནང་དོ་ཡོདཔ་ཨིན་པས།
གུ་རུ་སྟོང་སྐུ་དེ་ རིང་ཚད་ཨིན་ཅི་༦ དེ་ཅིག་ཡོདཔ་ད་ སྐུ་འདྲ་དེ་ ན་ཧིང་ ཨྱོན་གུ་རུ་རིན་པོ་ཆེ་ སྐུ་འཁྲུངས་པའི་ལོ་དང་ ཞབས་དྲུང་རིན་པོ་ཆེ་མཆོག་ ཆིབས་ཁ་ལྷོ་ལུ་བསྒྱུར་ཏེ་ ལོ་ངོ་༤༠༠ འཁོར་མི་ དེ་ལས་ མི་དབང་རྒྱལ་སྲས་མཆོག་ སྐུ་འཁྲུངས་པའི་གུས་བཏུད་ཞུ་ནིའི་དོན་ལུ་ བཞེངས་ཡོདཔ་ཨིན་པས།
གུ་རུ་སྟོང་སྐུ་དེ་ དངུལ་ཀྲམ་ས་ཡ་༡༤ དེ་ཅིག་ ཟད་འགྲོ་བཏང་ཐོག་ལས་ བཞེངས་ཡོདཔ་ སྐུ་འདྲ་དེ་ཚུ་ལུ་ ན་ཧིང་ སྤུངས་ཐིམ་དགེ་འདུན་གྲྭ་ཚང་ གནམ་དགུན་གྱི་བཞུགས་གནས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ལུ་ གསོལ་ཐབས་བྱོན་པའི་ལམ་ཁར་ ཐིམ་ཕུག་རྗེས་དྲན་མཆོད་རྟེན་ནང་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བཀྲིས་རབ་གནས་གནང་ཡོདཔ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *