ཁྲིམས་སྲུང་འགག་པ་དང་ ཁྱིམ་ཚང་ཚུ་གིས་ མེ་བསད་པའི་བསྒང་།

བཀའ་དམ་དགོན་པ་ལུ་ མཚམས་པ་ཅིག་གི་སྦ་སྒོར་ མེ་གིས་འཚིགས་ཡོདཔ།

༉ ཁ་ཙ་ ཉིན་མའི་ཆུ་ཚོད་༡༢ དེ་ཅིག་ཁར་ མོང་སྒར་བཀའ་དམ་དགོན་པའི་ མཚམས་པ་ཅིག་གི་སྦ་སྒོར་ རྩ་བ་ལས་ར་ མེ་གིས་འཚིགས་སོཔ་ལས་ ཉམས་རྒུདཔ་བཟའ་ཚང་ལུ་ རྫོང་ཁག་བདག་སྐྱོང་གིས་ སེམས་གསོའི་གསོལ་རས་ཚུ་བྱིན་ཡི།
སྦ་སྒོར་མེ་གིས་ འཚིགས་པའི་སྐབས་ མཚམས་པ་དེ་ མོང་སྒར་ཁྲོམ་ཁར་ འགྲོ་དོན་ལུ་ སོང་ཡོདཔ་ད་ ཁོ་རའི་ གནས་ཚང་དང་ ཨ་ལོ་དེ་ ཉེ་འདབས་ཀྱི་ ཁྱིམ་ཚང་གྱི་ཁྱིམ་ནང་ སོང་ཡོདཔ་ཨིན་པས།
མཚམས་པ་རྟེན་འབྲེལ་གྱིས་ སླབ་མིའི་ནང་ མེ་གིས་འཚིགས་པའི་སྐད་གོ་ཞིནམ་ལས་ ཁོ་གིས་ ཕྱི་ཁར་ཐོན་ཏེ་ ལྟ་བའི་སྐབས་ ཉམས་རྒུདཔ་བཟའ་ཚང་གི་ སྦ་སྒོར་ནང་ལས་ དུ་པ་ཐོན་སར་མཐོང་ཡི་ཟེར་ཨིན་པས།
མེ་རྐྱེན་བྱུང་སའི་ ཉེ་འདབས་ལུ་སྡོད་མི་ མཚམས་པ་ཚུ་ ཁོང་རའི་སྦ་སྒོར་ མེ་ཟུན་འོང་མནོ་སྟེ་ ཅ་ལ་ཚུ་ ཕྱི་ཁར་བཏོན་ཡོདཔ་མ་ཚད་ མེ་རླུང་རྒྱ་རྫི་གེསི་ཚུ་ ཉེན་སྲུང་དང་ལྡན་པའི་ ས་གོ་ནང་ སྐྱེལ་ཡོདཔ་ཨིན་པས།
ཨིན་རུང་ དུས་ཡུན་སྐར་མ་༡༥ དེ་ཅིག་གི་ནང་འཁོད་ལུ་ སྦ་སྒོར་དེ་ འཚིགས་ཚར་བའི་ཤུལ་ལུ་ མོང་སྒར་ཁྲིམས་སྲུང་འགག་པའི་ མེ་བསད་སྣུམ་འཁོར་ལྷོད་དེ་ ཁྱིམ་གཞན་མི་ཚུ་ལུ་ མེ་ཟུན་ནི་ལས་ བཀག་ཐབས་འབད་ཐོག་ལས་ མེ་བསད་ཚུགས་ཡོདཔ་ཨིན་པས།
སྐྱེས་ལོ་༣༣ ལང་མི་ ཉམས་རྒུདཔ་མཚམས་པ་ ཡེ་ཤེས་དབང་ཕྱུག་གིས་ སླབ་མིའི་ནང་ ཅ་ལ་ཁག་ཆེ་ཏོག་ཏོ་ཟེར་རུང་ མཆོད་བཤམ་དང་ ཆོས་པོ་ཏི་ ཨ་ལོ་༢ ཀྱི་བཀབ་གོ་ལ་ དེ་ལས་ དངུལ་ཀྲམ་༩,༠༠༠ དང་ ཐབ་ཚང་གི་ཅ་ཆས་ཀྱི་ རིགས་ཡོད་མི་ཚུ་ ག་ནི་ཡང་ ཐོབ་མ་ཚུགས་ཟེར་ཨིན་པས།
ཁོ་ར་ བཀའ་དམ་དགོན་པའི་ནང་ མཚམས་པ་སྦེ་ འཛུལ་ཞུགས་འབད་དེ་ ལོ་༢༠ ལང་བའི་ཁར་ སྦ་སྒོར་དེ་ ལོ་༩ གི་ཧེ་མར་ བཟོ་སྐྲུན་འབད་འབདཝ་ཨིན་ཟེར་ཨིན་པས།
ཁོ་གིས་ བླམ་གི་ས་ཁྲམ་ཐོག་ལུ་ གནས་སྐབས་ཀྱི་ སྦ་སྒོར་ཅིག་ བཟོ་སྐྲུན་འབད་ཐོག་ལས་ མཚམས་པ་མཉམ་རོགས་ཚུ་བཟུམ་སྦེ་ འགྲོ་དོན་ལུ་འགྱོ་དོ་ཡོདཔ་ཨིན་པས།
ད་ཚུན་གྱི་བར་ན་ བཀའ་དམ་དགོན་པའི་ མཚམས་པ་༣ གྱི་ སྦ་སྒོར་ཚུ་ མེ་གིས་འཚིགས་ཏེ་ རྒྱུ་དངོས་ཚུ་ ཐལ་བ་བརླགས་བཏང་རུང་ མིའི་ཚེ་སྲོག་ལུ་ གནོད་སྐྱོན་མ་བྱུངམ་ཨིན་པས།
བཀའ་དམ་དགོན་པའི་ བླམ་གི་འོག་ལུ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ལས་ ཆོས་ཞུ་སྡོད་མི་ སྒོམ་ཆེན་༧༠ ལྷགཔ་ཅིག་ཡོདཔ་བཞིན་དུ་ ཁོང་ཆ་ཁྱབ་ བཀའ་དམ་ལྷ་ཁང་གི་ མཐའ་འཁོར་ལས་ཕར་ རང་སོའི་སྡོད་གནས་ སྦ་སྒོར་ཚུ་ རྐྱབ་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *