ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ འབྲུག་གི་དངུལ་ཁང་གི་ ཨེ་ཊི་ཨེམ་འཕྲུལ་ཆས་ནང་ལས་ ཏི་རུ་བཏོན་ནིའི་དོན་ལུ་ གྱལ་བསྣར་ཏེ་ སྡོད་པའི་བསྒང་།

བཀང་ལུང་ལུ་ དངུལ་བཏོན་འཕྲུལ་ཆས་རྒྱུན་བརྟན་མེདཔ།

༉ བཀྲིས་སྒང་བཀང་ལུང་ལུ་ཡོད་མི་ དངུལ་བཏོན་འཕྲུལ་ཆས་ ཨེ་ཊི་ཨེམ་༢ འཕྲལ་འཕྲལ་ར་ མེདཔ་འགྱོ་མི་ལུ་བརྟེན་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་དང་ ས་གནས་ཀྱི་ མི་སྡེ་ཚུ་ དབུགས་འགམ་སྟེ་ ཡོདཔ་ཨིན་པས།
མཐོ་རིམ་སློབ་གྲྭའི་ ལོ་ངོ་དང་པའི་སློབ་ཕྲུག་ ཚེ་རིང་སྒྲོལ་དཀར་གྱིས་ སླབ་མིའི་ནང་ འབྲུག་གི་དངུལ་ཁང་གི་ དངུལ་བཏོན་འཕྲུལ་ཆས་དེ་ བདུན་ཕྲག་༡ ནང་ ཉུང་ཤོས་ར་ ལན་ཐེངས་༣ དེ་རེ་ མེདཔ་ཐལ་དོ་ཡོདཔ་ལས་ སྟབས་མ་བདེཝ་ བྱུངམ་མས་ཟེར་ཨིནམ་ད་ ཁོང་གི་རྩིས་ཁྲ་ནང་ ཏི་རུ་ཡོད་རུང་ དུས་ཚོད་མང་ཤོས་ར་ ཏི་རུ་མེད་པར་སྡོད་དགོཔ་ ཐོནམ་མས་ཟེར་ མོ་གིས་ བཤདཔ་ཨིན་པས།
སློབ་ཕྲུག་གཞན་ ཀུན་བཟང་རྡོ་རྗེ་གིས་ ཁོང་ལུ་ ཏི་རུ་དགོཔ་ ཐོནམ་ད་ར་ འཕྲུལ་ཆས་མེདཔ་ཐལ་ཏེ་ སྡོདཔ་མས་ཟེར་ བཤད་པའི་ཁར་ དངུལ་བཏོན་འཕྲུལ་ཆས་དེ་ རྒྱུན་བརྟེན་མེདཔ་ལས་ ཏི་རུ་སྟབས་གཅིག་ཁར་ བཏོན་བཞག་པ་ཅིན་ དབུགས་འགམ་དགོཔ་དང་ ནང་དོག་དགོཔ་ མི་འཐོན་ནི་མས་ཟེར་ བཤདཔ་ཨིན་པས།
དེ་འབདཝ་ད་ མཐོ་རིམ་སློབ་གྲྭའི་ ཉལ་ཁང་ནང་ ཏི་རུ་འབོར་ཆེ་ཏོག་ཏོ་སྦེ་ བཞག་ནི་དེ་ཡང་ ཉེན་སྲུང་དང་འབྲེལ་བའི་ དཀའ་ངལ་འབྱུང་ནིའི་ ཉེན་ཁ་ཡོད་་ཟེར་ ལོ་ངོ་༢ པའི་སློབ་ཕྲུག་ ཀུན་བཟང་རྡོ་རྗེ་གིས་ བཤདཔ་ཨིན་པས།
འབྲུག་རྒྱལ་ཡོངས་དངུལ་ཁང་གི་ ཨེ་ཊི་ཨེམ་འཕྲུལ་ཆས་དེ་ སྤྱི་ཟླ་༥ པའི་ཚེས་༡༢ ལས་ མེདཔ་ཐལ་ཞིནམ་ལས་ཚུར་ ད་ལྟོ་ཡང་ བཅོ་མ་ཚུགས་པར་ཡོདཔ་ད་ བཀྲིས་སྒང་ལུ་ཡོད་མི་ དངུལ་ཁང་དེ་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཕྲུལ་ཆས་ནང་ནའི་ ཡན་ལག་ཅ་ཆས་དག་པ་ཅིག་ འཚིགས་སོ་མི་ལུ་བརྟེན་ ལཱ་འབད་མ་བཏུབ་ ཐལ་སོ་ནུག་ཟེར་ཨིན་པས།
འབྲུག་རྒྱལ་ཡོངས་དངུལ་ཁང་གི་ ཡན་ལག་འཛིན་སྐྱོང་པ་ ཀུན་ལེགས་རྒྱ་མཚོ་གིས་ སླབ་མིའི་ནང་ མཁོ་མངགས་འབད་མི་ ཡན་ལག་ཅ་ཆས་ཚུ་ མ་ལྷོད་མི་ལུ་བརྟེན་ འཕྲུལ་ཆས་བཅོ་མ་ཚུགས་པར་ ཡུན་འགྱངས་ལུས་ཏེ་ཡོདཔ་ལས་ ཁོང་ཡང་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།
ད་རེས་ནངས་པར་ བཀང་ལུང་ལུ་ འབྲུག་གི་དངུལ་ཁང་གི་ དངུལ་བཏོན་འཕྲུལ་ཆས་༡ རྐྱངམ་གཅིག་ ལཱ་འབད་བཏུབ་དོ་ཡོད་རུང་ དེ་ཡང་ འཕྲལ་འཕྲལ་ར་ མེདཔ་ཐལ་དོ་ཡོདཔ་ད་ འཕྲུལ་ཆས་ལཱ་འབད་བཏུབ་པའི་སྐབས་ སློབ་ཕྲུག་དང་ ས་གནས་ཀྱི་ མི་སེར་ཚུ་ ཏི་རུ་བཏོན་ནིའི་དོན་ལུ་ གྱལ་རིངམོ་སྦེ་བསྣར་ཏེ་སྡོད་སར་ མཐོངམ་ཨིན་པས།
མཐོ་རིམ་སློབ་ཕྲུག་ ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ འཕྲུལ་ཆས་མེདཔ་ཐལ་བའི་སྐོར་ དངུལ་ཁང་གི་ འགོ་དཔོན་ཚུ་ལུ་ ལན་ཐེངས་མང་རབས་ཅིག་ ཉོགས་བཤད་བཀོད་ཡོདཔ་བཞིན་དུ་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ འཕྲུལ་ཆས་བཅོ་སར་ མཐོངམ་ཨིན་རུང་ ཉིནམ་༡ དང་༢ ཀྱི་ཤུལ་ལས་ ལཱ་འབད་མི་བཏུབ་ ཐལཝ་མས་ཟེར་ཨིན་པས།
ཐིམ་ཕུག་ལས་ འབྲུག་དངུལ་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བཀང་ལུང་ལུ་ དངུལ་རྐྱང་བཙུགས་བཏོན་འབད་མིའི་ འགྲོས་སྟངས་ལུ་ལྟཝ་ད་ འཕྲུལ་ཆས་དེ་ ལེགས་ཤོམ་སྦེ་ ལག་ལེན་ཐོག་ཡོད་པའི་ གསལ་སྟོན་འབདཝ་མས་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

སྤོང་ཅུ་ལ་ལུ་ གནམ་གྲུ་ཐང་རྐྱབ་ནི་གི་ འོས་འབབ་མེདཔ་བཟུམ་ཡོདཔ།

༉ མོང་སྒར་སྤོང་ཅུ་ལའི་ ས་ཁོངས་དེ་ ཆུང་ཀུ་ཡོདཔ་ལས་ རྒྱལ་སྤྱིའི་གནམ་གྲུ་ཐང་རྐྱབ་ནིའི་ འོས་འབབ་མེདཔ་བཟུམ་ཅིག་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༢༦ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ མོང་སྒར་གྱི་འཐུས་མི་ ཀརྨ་ལྷ་མོ་གིས་ གནམ་གྲུ་ཐང་གཞི་བཙུགས་ཀྱི་ འཆར་གཞིའི་ལས་སྣ་དེ་ …

Leave a Reply

Your email address will not be published. Required fields are marked *